《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月16日

༄༅་། དགེ་བའི་བཤེས་གཉེན་ལ་རྩོམ་ཞིག་འབྲི་།

བསྟན་འཛིན་མཚོ་རྒྱས།

ང་རང་སློབ་འབྲིང་དུ་སླེབས་རྗེས་དགེ་རྒན་བཟང་པོ་ཞིག་དང་མཇལ་བྱུང་། ཁོང་ནི་སྐུ་གཟུགས་ཆུང་ཞིང་ཤ་ཅུང་རྒྱགས་པའི་སྐྱེ་བོ་དར་མ་ཞིག་ཡིན། ཁོང་གི་ངོ་གདོང་ནི་ནག་ཅིང་སྣུམ་པ་དང་། ཅུང་ཆེ་ལ་གཟེངས་མཐོ་བའི་དྲི་འཛིན་གྱི་གཉའ་ན་མིག་ཤེལ་གྲུ་བཞི་ཆུང་ཆུང་ཞིག་བཏགས་ཡོད། གྲོད་པ་ནི་སྤོ་ལོ་ཞིག་དང་འདྲ་བར་རིལ་ལེར་ཡོད་ཅིང་། ཁོང་གི་བྱམས་བརྩེའི་འཛུམ་མདངས་ནི་ནམ་ཡང་ཡལ་མེད་དུ་གནས། རྒྱུས་མེད་ཚོས་བལྟས་ན་ཁོང་ནི་གཏུམ་དྲག་ཆེ་བའི་སྐྱེ་བོ་ངར་མ་ཞིག་ལྟར་སྣང་མོད། འདྲིས་པར་གྱུར་ཚེ་བྱམས་བརྩེ་ལྡན་པའི་མཁས་པ་ཞིག་དང་འདྲ།

སློབ་ཆུང་གི་དུས་སུ། སྔ་ཕྱིར་སྐད་ཡིག་དགེ་རྒན་ལྔ་ཙམ་ཞིག་གིས་ང་ཚོར་སློབ་ཚན་ཁྲིད་མྱོང་ཞིང་། དགེ་རྒན་རེ་རེའི་སློབ་ཚན་ཁྲིད་སྟངས་ཁྱོན་ནས་མི་འདྲ། དགེ་རྒན་མི་འདྲ་བ་མང་པོས་སློབ་ཚན་ཁྲིད་པའི་དབང་གིས་ངས་སྐད་ཡིག་གི་རྨང་གཞི་ཡག་པོ་ཞིག་འཛུགས་མ་ཐུབ་ཁར། སྐད་ཡིག་སྦྱོང་འདོད་ཀྱི་ངའི་ངར་ཤུགས་ཀྱང་རིམ་བཞིན་ཉམས། ཡིན་ཡང་། སློབ་འབྲིང་སྐབས་ཀྱི་དགེ་རྒན་ཁོང་དང་འཕྲད་རྗེས། ངས་སྐད་ཡིག་ལ་བཅངས་པའི་དགའ་ཞེན་ཉིན་རེ་བཞིན་ཇེ་ཆེར་ཕྱིན་སོང་། ཁོང་གིས་ང་ཚོར་སྐད་ཡིག་སློབ་སྦྱོང་ཁྲོད་རྩོམ་ཡིག་འབྲི་བ་དང་དཔེ་དེབ་མང་ཙམ་ལྟ་ཀློག་བྱ་རྒྱུ་དེ་གཙོ་བོར་འཛིན་དགོས་ཚུལ་དང་། ཐ་ན་དེ་ཚོ་ཡིག་ཚད་ལས་གལ་ཆེ་ཚུལ་གསུངས།

དུས་དེ་ནས་བཟུང་། ངས་ཁོང་ལ་སྔར་གྱི་ཡིག་ཚད་ཀྱི་སྐར་གྲངས་གཙོ་བོར་འཛིན་པའི་དགེ་རྒན་རྣམས་དང་མི་འདྲ་བའི་བརྩི་བཀུར་ཞུ་འདོད་སྐྱེས། ཁོང་གིས་གཟའ་འཁོར་གཉིས་རེའི་བར་དུ་ང་ཚོར་རྩོམ་ཡིག་རེ་འབྲི་རུ་བཅུག་པ་དང་། རྩོམ་ཡིག་ལེགས་པ་རྣམས་བདམས་ཏེ་ཚགས་པར་དུ་བསྐུར་གྱི་ཡོད། གལ་ཏེ་ཚགས་པར་དུ་འཁོད་ཚེ་རྩོམ་ཡོན་ཡང་རག་གི་ཡོད་པས། ངས་ཀྱང་འདོད་རྔམ་ཆེན་པོས་རྩོམ་ཡིག་ཚགས་པར་དུ་ཨེ་འཁོད་ལ་དམིགས་ཏེ། རྩོམ་འབྲིའི་ལས་ལ་སྦྱངས་པ་ལྷོད་མེད་བྱས་པར་མ་ཟད། རྩོམ་གང་ཞིག་འབྲི་རུང་ནན་ཏན་གྱིས་བསམ་བློ་ཡང་ཡང་གཏོང་གི་ཡོད་པས། ངའི་རྩོམ་འབྲིའི་ཆུ་ཚད་ཀྱང་སྔོན་དང་བསྡུར་ན་མངོན་གསལ་དོད་པོས་ཇེ་མཐོར་སོང་བས། འདི་ནི་རྒན་ལགས་ཀྱི་བཀའ་དྲིན་ཡིན་པ་བསྙོན་དུ་མེད།