《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月16日

༄༅་། ཁྱེད་དང་འཕྲད་པ་ང་ཡི་བསོད་ནམས་ཡིན་།

གཡུ་ཆུང་སྒྲོལ་དཀར།

དགེ་བའི་བཤེས་གཉེན་ནི་ནག་རོག་རོག་གི་ལམ་བུ་གསལ་བྱེད་ཀྱི་སྒྲོན་མེ་ཞིག་དང་མཚུངས། ང་རང་འཇིག་རྟེན་འདིར་སླེབས་ནས་ལོ་བཅོ་ལྔ་ཙམ་ཕྱིན་སོང་། ལོ་འདི་དག་རིང་ང་རང་མི་འདྲ་མིན་དང་འཕྲད་མྱོང་ཡོད། ཚེ་སྲོག་གི་འཇིག་པ་ལས་སྐྱོབ་མཁན་གྱི་སྨན་པ་དང་། ཚ་གྲང་གང་ལའང་མ་འཛེམས་པར་འགྲིམ་འགྲུལ་སྒྲིག་ལམ་སྲུང་བའི་འགྲིམ་འགྲུལ་ཉེན་རྟོག་པ། དེ་བཞིན་བཀའ་དྲིན་མཚོ་ལས་ཟབ་པའི་དགེ་བའི་བཤེས་གཉེན་དང་། བརྩེ་བ་འོ་ཆུ་བཞིན་གཅིག་ཏུ་འདྲེས་པའི་སློབ་གྲོགས་མང་པོ་ཞིག་དང་འཕྲད་མྱོང་། དེ་དག་ལས་ངའི་སེམས་དབུས་སུ་བག་ཆགས་ཟབ་ཤོས་ནི་ངའི་སློབ་འབྲིང་གི་སྐད་ཡིག་རྒན་ལགས་ཡིན།

ངའི་སྐད་ཡིག་རྒན་ལགས་ཁོང་གི་སྐུ་ཤ་རྒྱགས་ཤིང་སྐུ་གཟུགས་ཆུང་བ་དང་། སློབ་ཁྲིད་གནང་སྐབས་སྐད་གདངས་མཐོ་ལ་ཁྲིད་པའི་ནང་དོན་ཡང་ཁ་གསལ་ཞིང་གོ་བདེ། ཁོང་གིས་བོད་ཀྱི་ལོ་རྒྱུས་དང་བོད་སྐད་ཡིག་གི་བརྡ་སྤྲོད་སོགས་དང་འབྲེལ་བའི་ཤེས་བྱ་ཚང་མ་ལྷག་བསམ་རྣམ་དག་གིས་ཆད་ལུས་མེད་པར་ང་ཚོར་སློབ་པ་མ་ཟད། ད་དུང་ངལ་གསོའི་དུས་སུ་ཁོང་ལ་ཁོམ་པ་ཡོད་རིམ་བཞིན་ང་ཚོ་རི་ལྡེབས་སུ་གཟུགས་པོར་སྦྱོང་བརྡར་བྱེད་དུ་ཁྲིད་པ་དང་། སྤོ་ལོའི་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་མང་པོ་སྤེལ་བཞིན་ཡོད་པས། ང་ཚོར་ཆུང་དུས་ནས་གཟུགས་པོར་སྦྱོང་བརྡར་བྱེད་པའི་གོམས་གཤིས་ཡག་པོ་ཞིག་འཇགས་ཡོད།

ཁོང་གིས་རྒྱུན་དུ་ང་ཚོར་རྩོམ་ཡིག་མང་པོ་འབྲི་རུ་བཅུག་གནང་གི་ཡོད་པས། ལོ་གཅིག་ལ་ཉེ་བའི་རིང་། ང་ཚོའི་རྩོམ་འབྲིའི་ནུས་པ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་མ་ཟད། སྐད་ཡིག་སྦྱོང་བའི་འདུན་པའང་སྔར་བས་ཇེ་ཆེར་ཕྱིན། ཁོང་ལ་ཁོམ་པ་ཡོད་རིམ་བཞིན་གཞུང་ལས་ཁང་དུ་བཞུགས་ཏེ་ང་ཚོས་བྲིས་པའི་རྩོམ་ཡིག་ལ་བཟོ་བཅོས་རྒྱག་པ་དང་། རྩོམ་སྟངས་དང་ལྟ་ཚུལ་དམིགས་བསལ་བའི་རྩོམ་ཡིག་རིགས་ཡོད་ཕྱིན། ཆེད་མངགས་སློབ་ཐུན་གཅིག་ཙམ་གྱི་དུས་ཚོད་སྤྱད་ནས་ང་ཚོར་མྱོང་རོལ་བྱེད་དུ་འཇུག་གི་ཡོད། ཐ་ན་གུང་གསེང་གི་སྐབས་སུའང་ཁོང་གིས་ངལ་གསོ་ལྷོད་ལྷོད་བརྒྱབ་ནས་མ་བསྡད་པར་དཔེ་ཁང་ཁག་ཏུ་ཕེབས་ནས་ང་ཚོར་མཁོ་བའི་དཔེ་དེབ་སྣ་ཚོགས་ཉོ་བ་དང་། སློབ་འགོ་ཚུགས་རྗེས་བྱ་དགའ་དང་གཟིགས་བཟོས་ཀྱི་ཚུལ་དུ་ང་ཚོར་གནང་གི་ཡོད།

བདག་གི་སྐད་ཡིག་དགེ་རྒན་ལགས། ཁྱེད་ཀྱི་གངས་རི་ལྟར་དཀར་བའི་གཞན་ཕན་གྱི་ལྷག་བསམ་དང་། བྱ་བ་གང་ཞིག་སྒྲུབ་ཀྱང་དོ་དོ་ནན་ནན་བྱེད་པའི་རྣམ་འགྱུར་ལ་ངས་སློབ་སྦྱོང་བྱེད་ཀྱི་ཡིན། བདག་གི་སྐད་ཡིག་དགེ་རྒན་ལགས། མི་ཚེ་འདིར་ཁྱེད་དང་འཕྲད་པ་ནི་ང་ཡི་བསོད་ནམས་ཡིན།