《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月16日

༄༅་། ལུག་ཁྱུ་འཚོ་རོགས་མ་།

བན་ཤུལ་དཔལ་ལོ།

ས་བདེ་མོ་ལུག་གི་རྩེད་ར་ཡིན། །

དེ་འཚོ་རོགས་ལུག་རྫི་བུ་མོ་ཡིན། །

སེམས་དུངས་བ་འོ་མའི་རྒྱ་མཚོ་ཡིན། །

དེ་འཁྱིལ་ས་དེང་མའི་ན་གཞུང་ཡིན། །

ཆུང་མེ་ཏོག་འཐུ་རོགས་སྙིང་སྡུག་མ། །

ལུག་གཡང་དཀར་རྫི་མོ་མིག་ཡག་མ། །

ཁ་ལ་གཞས་ལེན་པའི་འཇོ་སྒེག་མ། །

ལག་འུར་རྡོ་ཐོགས་པའི་དྲན་ཤིང་མ། །

སྨུག་ལང་ལོང་རི་གསུམ་རྫ་ལ་དཀྲིས། །

རྫ་ལུག་ཁྱུའི་འདབ་མ་སྤྲིན་ལ་འདྲེས། །

སྤྲིན་དཀར་ནག་ཀློང་གི་སྦྲང་ཆར་དེས། །

ཆུང་ལུག་རྫི་བུ་མོའི་སྐྲ་ལོ་བརླན། །

གོས་ཐེར་ཆེན་འདབ་མས་རྩྭ་ཟིལ་གཏོར། །

ལུག་གཡང་དཀར་ཀི་ཡིས་ཁ་ལོ་བསྐོར། །

སྟོད་ཨ་ཕོ་ལུག་རྫིའི་སེམས་ཀྱི་མི། །

ན་མེ་ཏོག་འདྲ་བའི་རྫི་མོ་ཡིན། །

ཆུང་འབའ་འབའ་ལུ་གུའི་རྩེད་རོགས་མ། །

བྱ་ཁུ་བྱུག་འདྲ་བའི་སྐད་སྙན་མ། །

བྱེའུ་ཅོ་ཀ་འདྲ་བའི་གཟུགས་བཟང་མ། །

རྫ་ཁ་སྟོད་འབྲོག་མོ་སེམས་བཟང་མ། །

ཆུ་དྭངས་མོའི་མཆོད་པ་དགུང་ལ་འབུལ། །

གཡང་འབྲི་མོའི་བཞོ་གླུ་རྣ་བར་འཇེབས། །

ཁྱིམ་ཕྱི་ནང་ལས་ལ་སྒྱིད་ལུག་མེད། །

དཀར་འོ་མའི་འབྲོག་ཟོག་རི་བཞིན་བརྩིཌ། །

ང་སྟག་ཤར་ལུག་ཁྱུ་འཚོ་རོགས་མ། །

གོང་མཚམས་སྤྲིན་ཀློང་གི་སྨིན་ལེགས་མ། །

སྦྲ་གྲུ་བཞིའི་ནང་གི་ཁྱིམ་འཛིན་མ། །

ཞེ་སྣང་བ་མཐུན་པའི་ན་ཆུང་མ། །

རྫ་གླང་ཆེན་འདབས་ནས་རྒྱང་ལྟ་བྱས། །

ཆུ་མང་ཆུའི་འགྲམ་ནས་དུས་ཆད་བཏབ། །

གནས་ལྔ་རིག་གླིང་ནས་སེམས་འཕྲིན་བསྐུར། །

གཞི་འཁོར་བའི་གྲོང་ནས་སྙིང་གཏམ་གླེང་། །

ཁྱིམ་གཅིག་ལ་འཛོམས་པའི་ཁ་དན་དེ། །

གླིང་མི་ཁའི་རལ་གྲིས་དུམ་བུར་བཅད། །

ཚེ་གཅིག་ལ་འགྲོགས་པའི་དམ་ཚིག་དེ། །

དུས་རླུང་དམར་བཙན་པོས་ཁྱུར་མིད་བཏང་། །

ལུག་

གཡང་དཀར་འཚོ་རོགས་ཆུང་སྐྱེས་མ། །

རོགས་འུ་གཉིས་འདས་སོང་ལོ་རྒྱུས་དེ། །

མཚན་དོ་ནུབ་དགུང་གི་ཚེས་རིས་འོག །

ཚིག་ཕྲེང་བར་སྤེལ་ཏེ་ཁྱེད་ལ་སྤྲིངས། །