འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རྒྱལ་ཡོངས་ཀྱི་གཞོན་ནུའི་ཚན་རིག་ཁྱབ་གདལ་གསར་གཏོད་ཚོད་ལྟ་དང་བརྩམས་ཆོས་འགྲན་བསྡུར་ཆེན་པོ་སྐབས་བཅུ་པའི(བོད་ལྗོངས་འགྲན་ཁུལ)བསྐྱར་འགྲན་ལྷ་སར་གཉེར་བ་རེད།
འགྲན་བསྡུར་ཆེན་པོ་དེས“བློ་རིག་དང་། བདེ་འཇགས། འབྱུང་འཕྲོད”བཅས་བརྗོད་དོན་གཙོ་བོ་གསུམ་ལ་དམིགས་ནས། “མི་འཕྲུལ་མཉམ་ལས”དང་། “འབྱུང་འགྱུར་གྱི་སློབ་གྲྭ” “འབྱུང་འགྱུར་གྱི་མཁའ་སྐྱོད་རླངས་འཁོར”བཅས་བསམ་བཀོད་རྣམ་གྲངས་གསུམ་བཀོད་སྒྲིག་བྱས་ཏེ། གཞོན་ནུ་ལོ་ཆུང་གི་གནད་དོན་ཤེས་རྟོགས་དང་། གནད་དོན་ཐག་གཅོད། ལག་ལེན་བསྟར་བ་བཅས་ཀྱི་ནུས་པར་རྟོག་ཞིབ་བྱས་ནས། ཚན་རིག་ལ་དགའ་ཞེན་ཆེ་བའི་གཞོན་ནུ་ལོ་ཆུང་ལ་ཚན་རྩལ་གསར་གཏོད་ཀྱི་འཇོན་ཐང་ངོམ་པའི་ལས་སྟེགས་ཤིག་བསྐྲུན་ཡོད། འགྲན་བསྡུར་ཆེན་པོ་དེ་འགོ་ཚུགས་པ་ནས་བཟུང་། འགྲན་བསྡུར་ནང་ཁྱོན་ལྗོངས་ཡོངས་ཀྱི་སློབ་གྲྭ་28ནས་ཡོང་བའི་རུ་ཁག་107གྱི་འགྲན་ཞུགས་བརྩམས་ཆོས་འབྱོར་ཞིང་། ཐོག་མའི་འགྲན་བསྡུར་གྱི་དཔྱད་ཞིབ་བྱས་རྗེས་ཁྱོན་རུ་ཁག་50ཡི་བདམས་ཐོན་པ་170ལྷག་ཙམ་བསྐྱར་འགྲན་ནང་ཚུད་པ་རེད།