《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年06月15日

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《རྒྱལ་ཡོངས་ཀྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་གི་འཆར་འགོད་རྩ་གནད(2024ལོ་ནས་2028ལོ་བར)》བཀྲམ་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《རྒྱལ་ཡོངས་ཀྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་གི་འཆར་འགོད་རྩ་གནད(2024ལོ་ནས་2028ལོ་བར)》(གཤམ་དུ《འཆར་འགོད་རྩ་གནད》ཅེས་བསྡུ་རྒྱུ)བཀྲམ་པ་དང་འབྲེལ། བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

《འཆར་འགོད་རྩ་གནད》དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་འོས་འགན་དང་ལས་འགན་ལ་དམིགས་ཏེ་2024ལོ་ནས་2028ལོ་བར་རྒྱལ་ཡོངས་ཀྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་གོ་རིམ་ལྡན་པའི་སྒོ་ནས་འཆར་འགོད་བྱས་ཤིང་། དེ་ནི་རིམ་ཁག་ཏང་སྲིད་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བའི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་ཞིག་རེད།

《འཆར་འགོད་རྩ་གནད》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱེད་པ། དུས་རབས་ཀྱི་འགན་འཁྲི་ལྕི་པོ་འཁུར་ཐུབ་པ་བཅས་ཀྱི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་མཉམ་སྡེབ་འཛུགས་སྐྱོང་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས། “སྲུང་སྐྱོང་གཉིས”ལ་དམིགས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། ཆབ་སྲིད་ལ་ལྷག་བསམ་རྣམ་དག་བྱེད་ཟབ་ཏུ་གཏོང་བ།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱེད་དགོས། འགོ་ཁྲིད་ཚན་ཁག་དྲག་འདེམས་ཧྲག་སྒྲིག་བྱེད་པ་དང་། འགོ་ཁྲིད་རྒན་པ་གཙོ་གནད་དུ་བཟུང་ནས་ལེགས་པར་འདེམས་པ། ལོ་ནའི་གྲུབ་ཆ་ལེགས་སུ་གཏོང་བ། ཆེད་ལས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། འབྱུང་ཁུངས་དང་ཉམས་མྱོང་གི་གྲུབ་ཆ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཕུལ་བྱུང་གི་ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་འདེམས་སྒྲུག་རྒྱག་པའི་རྒྱུན་རྣམ་ཅན་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་བུད་མེད་ལས་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ། ཏང་ཕྱིའི་ལས་བྱེད་པ་བཅས་ལུགས་མཐུན་ངང་བཀོད་སྒྲིག་བྱེད་དགོས། འགོ་ཁྲིད་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འཇོན་ཐང་ཆེ་རུ་བཏང་སྟེ་འགན་འཁྲི་སྒྲུབ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལག་ལེན་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་འཇགས་པར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། འགན་འཁྲི་འཁུར་བ་དང་མི་དམངས་ལ་བདེ་རྩ་བསྐྲུན་པར་སྐུལ་མ་གཏོང་བ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཏེ་རང་འགན་ཐེག་པ་འཁུར་ལེན་དང་སྐུལ་མ་གཏོང་བ་དང་སྲུང་སྐྱོང་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ནན་པའི་དགོངས་གཞིར་བརྟེན་ནས་སྤྱོད་བཟང་སྒྲིག་ནན་ལ་ཤུགས་སྣོན་རྒྱག་པ་དང་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་སྟེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་བསྟན་ཡོད།

《འཆར་འགོད་རྩ་གནད》ནང་རིམ་ཁག་ཏང་ཨུད(ཏང་ཙུའུ)ནི་ས་ཁུལ་དེ་རང་དང་སྡེ་ཚན་དེ་རང་གི་རྩ་གནད་དོན་འཁྱོལ་བྱེད་མཁན་གྱི་འགན་འཁྲིའི་བྱེད་པོ་ཡིན་པས་ལས་འགན་ཁག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད།

(ལྷ་དབང་དང་ལྷག་ཚེས་སྒྱུར་ཞུས་བྱས)