《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月14日

བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱས་པ།

——རང་ལྗོངས་ཀྱིས་ལས་བྱེད་པའི་འགན་སྒྲུབ་ནུས་པ་གསོ་སྦྱོང་དང་ལག་ལེན་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་པའི་སྐོར་བཀོད་པ།

འདི་ནི་ལྗོངས་ཡོངས་ཀྱི“མཉམ་སྤེལ་ལྔ་དང་སྲ་བརྟན་ལྔ”ཟབ་ཏུ་གཏོང་བའི་དམག་དཔུང་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆ་སྒྲིག་མཉམ་སྐྲུན་གསོ་སྦྱོང་འཛིན་གྲྭའི་སློབ་ཁྲིད་བྱ་ཡུལ་ཡིན་པ།

འདི་ནི་བོད་རང་སྐྱོང་ལྗོངས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭའི་སློབ་མས་ཏཱ་ཅང་མི་མེད་གནམ་གྲུའི་སྤྱི་ཁྱབ་པུའུ་རུ་ལྟ་སྐོར་དང་སློབ་སྦྱོང་བྱེད་བཞིན་པ།

རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ། བོད་སྐྱོང་བོད་བརྟན་བོད་དར་གྱི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་ཐུབ་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་གི་འགག་རྩའི་བྱ་ཐབས་ཤིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཤིང་།《རྒྱལ་ཡོངས་ཀྱི་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་འཆར་གཞི(2023ལོ་ནས་2027ལོ་བར)》ལག་བསྟར་དོན་འཁྱོལ་བྱ་རྒྱུའི་བསམ་འཆར་དང《ལས་བྱེད་པའི་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་ཐབས》བཏོན་ཏེ། ཏང་གི་རིགས་པའི་གཞུང་ལུགས་སློབ་གསོ་དང་། ཏང་གཤིས་སློབ་གསོ། འགན་སྒྲུབ་ནུས་པ་གསོ་སྦྱོང་བཅས་གཙོ་གནད་དུ་བཟུང་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་མཐུན་ཡོང་བར་བྱེད་པའི་ལས་བྱེད་པའི་དཔུང་ཁག་གི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།

ལས་བྱེད་པའི་འགན་སྒྲུབ་ནུས་པ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་པ།

རང་ལྗོངས་ཀྱི་རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས“ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་པ་དང་འཇོན་ཐང་ཡང་ཆེན་པོ་དགོས་པའི”བླང་བྱ་གཞིར་བཟུང་། འགན་སྒྲུབ་ནུས་པ་དེ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་ནང་དོན་གལ་ཆེན་དུ་བརྩིས་པ་དང་། ལས་བྱེད་པའི་འགན་སྒྲུབ་ཀྱི་དགོས་མཁོར་གཞི་ཚུགས་ཏེ། རིམ་ཁག་ཏང་སྲིད་འགོ་ཁྲིད་ཚན་པའི་ཁོངས་མི་དང་ན་གཞོན་ལས་བྱེད་པ་སོགས་ཀྱི་འགན་སྒྲུབ་ནུས་པ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། 2023ལོར་རིམ་ཁག་འགན་སྒྲུབ་ནུས་པ་གསོ་སྦྱོང་འཛིན་གྲྭ་ཐེངས་60གཉེར་བ་དང་ལས་བྱེད་པ་མི་ཐེངས་4380ལྷག་ཙམ་གསོ་སྦྱོང་བྱས་ཡོད།

རིམ་པ་མཐོ་བ་དང་། ཁྱབ་གདལ་གཏོང་ཆོག་པ། འདྲ་བཟོ་བྱེད་ཐུབ་པ་བཅས་ཀྱི་སྤུས་ལེགས་འཛིན་གྲྭ་དང་དཔེ་སྟོན་འཛིན་གྲྭ་ཁག་གཅིག་བཏོད་ཅིང་། པེ་ཅིང་སློབ་ཆེན་དང་། ཀྲེ་ཅང་སློབ་ཆེན། ཀྲུང་གོ་མི་དམངས་སློབ་ཆེན། སི་ཁྲོན་སློབ་ཆེན་སོགས་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་གི་མཐོ་སློབ་རྟེན་གཞི་དང་། ཀོང་ཤིས་པའེ་སེ་ལས་བྱེད་པའི་སློབ་གླིང་། ཡུན་ནན་ལའོ་ཧྲན་ལས་བྱེད་པའི་སློབ་གླིང་། ཧྲེན་ཀྲེན་སྒྱུར་བཅོས་སྒོ་དབྱེའི་ལས་བྱེད་པའི་སློབ་གླིང་སོགས་ཏང་གཤིས་སློབ་གསོའི་ལས་བྱེད་པའི་སློབ་གླིང་དུ་གྲོང་གསེབ་བཅོས་སྐྱོང་གི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་དང་། “མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”དམག་དཔུང་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆ་སྒྲིག་མཉམ་སྐྲུན་གྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ འགོ་ཁྲིད་ལས་བྱེད་པའི་དྲ་རྒྱའི་བདེ་འཇགས་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སོགས་གཉེར་ནས་ལས་བྱེད་པ་མི་ཐེངས་1100གསོ་སྦྱོང་བྱས་ཡོད།

གཞི་རིམ་ལས་བྱེད་པའི་བརྗོད་དོན་གཙོ་བོའི་གསོ་སྦྱོང་བྱ་སྤྱོད་ལག་ལེན་བསྟར་བ།

བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས《བོད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་ལས་བྱེད་པའི་བརྗོད་དོན་གཙོ་བོའི་གསོ་སྦྱོང་བྱ་སྤྱོད་འཆར་གཞི》ཞིབ་འཇུག་བྱས་ནས་བཟོས་ཤིང་། ཀྲུང་དབྱང་རྩ་འཛུགས་པུའུ་སོགས་པུའུ་ཨུད་9ཡི་བྱ་སྤྱོད་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་པའི་རྨང་གཞིའི་ཐོག དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་3900ལྷག་ཙམ་གསོ་སྦྱོང་ཁྱབ་ཁོངས་ནང་བཅུག་སྟེ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་སློབ་གསོ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ་སོགས་ཀྱི་ནང་དོན་གསོ་སྦྱོང་ནང་བཀོད་སྒྲིག་བྱས་ཏེ་རྫོང་དང་། ཆུས། ཐད་གཏོགས་སྡེ་ཚན་བཅས་ཀྱི་ལས་བྱེད་པ་དང་། ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་ལས་བྱེད་པ། རྫོང་ཁོངས་གཞུང་ཁུངས་ཁེ་ལས་དང་བྱ་གཞག་ཚན་པའི་འགོ་ཁྲིད་མི་སྣ། གྲོང་ཚོ(གྲོང་ལྷན)ཡི་ལས་བྱེད་པ(གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཚུད་པ)གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ། དེ་བཞིན་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་གསར་པ་དང་། ལས་རིགས་མཐུན་ཚོགས་ཀྱི་ཚོང་ཚོགས། “ཁེ་ལས་གཉིས་དང་གསར་པ་གསུམ”སོགས་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་བཅས་ཀྱི་རེས་མོས་སྦྱོང་བརྡར་ལས་དོན་ལ་དམ་འཛིན་བྱས་ཡོད།

དངོས་འཐབ་ཅན་གྱི་འགན་སྒྲུབ་ནུས་པ་གསོ་སྦྱོང་བྱས་པ།

རང་ལྗོངས་ཀྱི་རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་ལས་འགན་གལ་ཆེན་དང་འཐབ་རྩོད་གལ་ཆེན་གྱི་འཐབ་ས་དང་པོར་ལས་བྱེད་པའི་གསོ་སྐྱོང་སྦྱོང་བརྡར་ལ་མཐོང་ཆེན་བྱས་ཤིང་། དངོས་འཐབ་ཅན་གྱི་འགན་སྒྲུབ་ནུས་པ་གསོ་སྦྱོང་སྒྲིག་འཛུགས་ཧུར་ཐག་བྱས་ཏེ། རྒྱ་ཆེའི་ལས་བྱེད་པར་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་བྱེད་རིང་དང་། ལས་གནས་ཀྱི་འགན་འཁྲི་སྒྲུབ་པ་དང་དཀའ་ཉེན་བྲེལ་ལྕི་བཞིའི་ལས་འགན་སྒྲུབ་རིང་འགན་འཁྲི་ཆེ་འབྲིང་ཆུང་གསུམ་འཁུར་ཐུབ་པ་བྱེད་པའི་སྐུལ་འདེད་བཏང་ཡོད།

ལག་ལེན་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ཅིང་། ལས་བྱེད་པའི་ཆེད་དོན་གསོ་སྐྱོང་འཆར་གཞི་བཟོས་ནས་རྒྱུན་རྣམ་ཅན་དང་དམིགས་སའི་རང་བཞིན་གྱིས་ཕྱོགས་བསྡུས་བྱང་ཚད་མཐོ་བ་དང་འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུགས་ཆེན་པོ་ལྡན་པའི་ལས་བྱེད་པ་བརྟན་ལྷིང་སྲུང་སྐྱོང་དང་། གཞི་རིམ་བཅོས་སྐྱོང་། གྲོང་གསེབ་དར་རྒྱས། གླིང་ཁུལ་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། མཐའ་མཚམས་དོ་དམ་ཚོད་འཛིན། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་སོགས་ཀྱི་གཡུལ་ས་མདུན་མ་དང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ལས་གྲྭ་དང་། གཙོ་གནད་རྣམ་གྲངས། ཚོང་འགུགས་མ་འདྲེན་བཅས་ཀྱི་འཐབ་ས་དང་པོར་མངགས་ནས་སྦྱོང་བརྡར་དང་ཞུན་བརྡར་བྱས་ཡོད། གཞན་ཡང་དངོས་འཐབ་ཀྱི་ཕན་འབྲས་ཆེ་རུ་གཏོང་ཆེད། འགོ་ཁྲིད་ལས་བྱེད་པ་དང་། རིགས་གཅིག་མཁས་ཅན་དང་མཁས་པ། གཞི་རིམ་གྱི་ལས་བྱེད་པ། སྔོན་ཐོན་དཔེ་མཚོན་སོགས་སློབ་ཁྲིད་བྱེད་པར་ཆེད་མངགས་གདན་དྲངས་ཤིང་། ཀྲི་པུའུ་ཧྲུའུ་ཅི(ཁྲུའུ་ཀྲང)ཡི་འཆད་སྟེགས་དང“ཁྲིད་ཕྲན”སོགས་ཀྱི་ཉམས་མྱོང་དང་བྱེད་སྟངས་ཁྱབ་གདལ་བཏང་ནས་སྲིད་ཇུས་ཤེས་མཁན་གྱིས་སྲིད་ཇུས་ཤོད་པ་དང་། ཉམས་མྱོང་ཡོད་མཁན་གྱིས་ཉམས་མྱོང་གླེང་བ། བྱེད་ཐབས་ཤེས་མཁན་གྱིས་བྱེད་ཐབས་སློབ་པ་བཅས་བྱས་ཡོད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)