ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་12ཉིན། རྒྱལ་ཁབ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཚོང་དོན་དང་འཕེལ་རྒྱས་ཀྱི་གྲོས་ཚོགས་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་འགོ་ཚུགས་མཛད་སྒོར་བརྙན་ལམ་ནས་ཤིས་ཚིག་བསྒྲོན་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། མཉམ་འབྲེལ་རྒྱལ་ཚོགས་ཚོང་དོན་དང་འཕེལ་རྒྱས་ཀྱི་གྲོས་ཚོགས་བཙུགས་ནས་ལོ་60སོང་རིང་། ཐུན་མོང་དར་རྒྱས་ཀྱི་དམིགས་ཡུལ་རྒྱུན་འཁྱོངས་ཀྱིས་ལྷོ་ལྷོ་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། ལྷོ་བྱང་སྐད་ཆ་ཤོད་རེས་དར་སྤེལ་བཏང་བ། རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་ལམ་གསར་པ་འཛུགས་པར་སྐུལ་འདེད་བཏང་བ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་ཚོང་དོན་དང་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་མགྱོགས་མྱུར་འགྲོ་བཞིན་ཡོད་པས་ཞི་བདེ་དང་འཕེལ་རྒྱས་ལ་འགྲན་སློང་གསར་པ་འཕྲད་ཡོད། ང་ཚོས་ལོ་རྒྱུས་དང་མི་དམངས་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་གྱིས་ལག་གདང་སྦྲེལ་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
—— ཞི་བདེ་དང་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་སྐྲུན་དགོས། རྒྱལ་ཁབ་ཁག་དང་ལྷག་པར་དུ་རྒྱལ་ཁབ་ཆེན་པོས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དར་སྤེལ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོང་དོན་དང་འཕེལ་རྒྱས་ཀྱི་གྲོས་ཚོགས་སོགས་ཕྱོགས་མང་སྒྲིག་གཞིས་ནུས་པ་དེ་བས་ལེགས་པ་འདོན་རྒྱུར་རྒྱབ་སྐྱོར་བྱེད་དགོས།
—— སྒོ་དབྱེ་འཕེལ་རྒྱས་ཀྱི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་དགོས། ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་རྒྱུ་དར་སྤེལ་གཏོང་བ་དང་། ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། འཕེལ་རྒྱས་དོ་སྙོམས་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
—— གསར་གཏོད་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་གོ་སྐབས་ལ་དམ་འཛིན་བྱེད་དགོས། སྒོ་དབྱེ་དང་། བསྟུན་མཁས། མཐོང་ཆུང་མི་བྱེད་པ་བཅས་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་ཁོར་ཡུག་བསྐྲུན་ནས། མི་རྩ་བར་འཛིན་པ་དང་རིག་ནུས་ལེགས་ཕྱོགས་སུ་འགྲོ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་ནང་མི་ཐབས་རིག་ནུས་སྒྲིག་སྲོལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གྲངས་འཛིན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཕྱོགས་སུ་དེ་བས་ལེགས་པར་མཉམ་འདྲེས་ཐུབ་པར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་ཡིན་པ་དང་ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པས་འཛམ་གླིང་འཕེལ་རྒྱས་ལ་གོ་སྐབས་གསར་པ་དེ་བས་ཆེ་བ་མཁོ་འདོན་ཐུབ་ངེས་རེད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་ཁོངས་གཏོགས་ཤིག་ཡིན་པ་དང་ནམ་ཡང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད། ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ནས་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོང་དོན་དང་། མ་འཇོག འཕེལ་རྒྱས་བཅས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་རོགས་བྱེད་ཀྱི་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་མིའི་རིགས་ཀྱི་མདུན་ལམ་དང་མི་དམངས་ཀྱི་བདེ་རྩར་དམིགས་ནས་འཛམ་གླིང་ཞི་བདེ་དང་། བདེ་འཇགས། དར་རྒྱས། ཡར་ཐོན་བཅས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་འདོད་ཡོད།(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)