འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་10ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། སློབ་གསོ་པུའུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་མཛུབ་ཁྲིད་བྱེད་པ་དང་། ཀྲུང་ཧྭ་ལས་རིགས་སློབ་གླིང་གིས་གཙོ་གཉེར་བྱས་པའི་ཀྲུང་ཧྭ་ལས་རིགས་སློབ་གསོའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་པོ་སྐབས་བདུན་པའི་རྒྱལ་ཡོངས་ཀྱི་སྤྱིའི་ཡུལ་དངོས་མཐའ་བསྡུར་ཧྲན་ཏུང་རི་ཀྲའོ་རུ་འགོ་ཚུགས་ཤིང་། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་འགྲན་ཞུགས་རྣམ་གྲངས《ཁ་ཆེ་ཤ་སྐམ་གྱི་བཏུང་བྱ—ས་མཐོའི་ཁྱད་ལྡན་བདེ་འཇགས་བཏུང་བྱའི་གསར་གཏོད་པ》ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་འདི་ནི་རང་ལྗོངས་ལ་ཀྲུང་ཧྭ་ལས་རིགས་སློབ་གསོའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་པོའི་རྒྱལ་ཡོངས་སྤྱིའི་མཐའ་བསྡུར་ཁྲོད་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ་ཐེངས་དང་པོ་ཡིན་པ་རེད།
“ད་རེས་བྱ་དགའ་ཐོབ་པ་ལས་སློབ་མ་ཚོའི་གསར་གཏོད་དང་འབད་འཐབ་བྱེད་ཕོད་པའི་བསམ་པའི་ཉམས་འགྱུར་མངོན་ཡོད་ལ། ཁོང་ཚོའི་གསར་གཏོད་ལས་གཏོད་བྱེད་པའི་འཇོན་ཐང་ཡང་མངོན་ཡོད་པས། འདི་ནི་སློབ་གྲྭའི་གསར་གཏོད་ལས་གཏོད་སློབ་གསོའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་ཞིག་རེད”སློབ་གྲྭས་འགྲན་བསྡུར་ལ་བརྟེན་ནས་སློབ་ཁྲིད་ལ་སྐུལ་འདེད་གཏོང་བ་དང་། འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ། འགྲན་བསྡུར་ལ་བརྟེན་ནས་གསར་གཏོད་ལས་གཏོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འཕེལ་རྒྱས་ཁ་ཕྱོགས་མཐའ་འཁྱོངས་བྱས་ཐོག་གསར་གཏོད་ལས་གཏོད་ཀྱི་སློབ་གསོའི་ཁྲོད་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ནས་གཉིས་གཏོད་ཤེས་ལྡན་པ་གསོ་སྐྱོང་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་བསོད་དབང་གིས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་ཧྭ་ལས་རིགས་སློབ་གསོའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་པོ་ནི་ཀྲུང་ཧྭ་ལས་རིགས་སློབ་གསོ་གླིང་གི་སྤུས་རྟགས་འདུ་འགོད་གལ་ཆེན་ཞིག་ཡིན་ཏེ། རང་ཉིད་ཀྱི་ལེགས་ཆར་གཞི་ཚུགས་ནས་ལས་རིགས་སློབ་གྲྭ་ཁག་གི་སློབ་མར་ཕྱོགས་པའི་རྒྱལ་ཡོངས་རང་བཞིན་གྱི་འགྲན་བསྡུར་ཆེན་པོ་ཞིག་ཡིན། དེའི་ནང་ལག་རྩལ་བཟོ་པ་དང་ལག་རྩལ་པའི་སློབ་གྲྭ་དང་དེ་བཞིན་འབྲིང་རིམ་ལས་རིགས་སློབ་གསོ་དང་། མཐོ་རིམ་ལས་རིགས་སློབ་གསོ། ལས་རིགས་དངོས་གཞི་བཅས་རིམ་པ་མང་པོ་ཚུད་ཡོད། ཐེངས་འདིའི་བརྗོད་དོན་གཙོ་བོ་ནི“ལས་རིགས་སློབ་གསོས་བཟོ་པ་སྐྱེད་སྲིང་བྱེད། གཉིས་གཏོད་ལ་བརྟེན་ནས་ཕུགས་བསམ་སྒྲུབ”ཅེས་པ་ཡིན། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་31གི་སློབ་གྲྭ་132ཀྱི་ཕུལ་བྱུང་རྣམ་གྲངས་135རྒྱལ་ཡོངས་ཀྱི་སྤྱིའི་ཡུལ་དངོས་ཀྱི་མཐའ་བསྡུར་ནང་ཚུད་ཡོད། ཤང་ཀང་དང་ཨའོ་མོན་ས་ཁུལ་གྱི་ལས་རིགས་སློབ་གྲྭའི་ཚོགས་པ་5འགྲན་བསྡུར་ལ་དམིགས་བསལ་དུ་གདན་དྲངས་པ་དང་ཁྱོན་བསྡོམས་རྣམ་གྲངས་ཚོགས་པ་140ཞུགས་ཡོད་པ་རེད། འགྲན་ཞུགས་རྣམ་གྲངས་ནང་དུ་ཞིང་ལས་དང་། ནགས་ལས་དང་། འབྲོག་ལས། བཟའ་བཅའ་བཅས་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་རིགས་དང་། རིག་གནས་བློ་གསར། འཕྲུལ་ཆས་ནུས་རྒྱུ། གློག་རྡུལ་ཆ་འཕྲིན། སྐྱེ་དངོས་སྨན་བཅོས་སོགས་ཁྱབ་ཁོངས་10ལྷག་ཚུད་ཡོད་པ་རེད། (དམ་ཆོས་མི་ཕམ་གྱིས་བསྒྱུར། བསྟན་འཛིན་བཟང་མོས་ཞུས)