འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་བ་དང་བསྟུན་ནས“ལུས་ཤ་རིད་པར་བྱེད་པ”དང“བདེ་ཐང”ནི་མི་རྣམས་ཀྱིས་དོ་ཁུར་བྱེད་པའི་བརྗོད་གཞི་ཞིག་ཏུ་གྱུར་ཡོད། ལྷ་སའི་བཟའ་བཏུང་ཁྲོམ་རར་མཚོན་ན། ཞག་ཚི་ཉུང་བ་དང་། ཁཱ་ལོ་ལི་ཉུང་བ། བདེ་ཐང་སོགས་ཀྱི་མཚོན་རྟགས་སྦྱར་བའི་གནོད་མེད་ཟས་ཟ་ས་མང་དུ་ཕྱིན་ནས་དེང་རབས་གཞོན་ནུ་ཚོའི་དགའ་པོ་བྱེད་ས་གསར་པར་རིམ་བཞིན་གྱུར་ཡོད།
གནོད་མེད་ཟས་ཟ་མཁན་གྱི་གྲོང་མི་མང་དུ་འགྲོ་བ།
“ཞིམ་ཟས་རང་མ་རེད། གཙོ་བོ་ལུས་ཤ་རིད་པར་བྱེད་ཆེད་ཡིན། དེས་གྲོད་པ་རྒྱགས་པ་མ་ཟད་ཁཱ་ལོ་ལི་ཡང་ཉུང་ཉུང་རེད། ལྟ་དུས་འཚོ་བཅུད་ཕུན་སུམ་ཚོགས་པོ་ཡོད། དེ་ནི་བདེ་ཐང་གི་ལུས་ཤ་རིད་པར་བྱེད་སྟངས་ཤིག་རེད”ལྷ་སའི་གྲོང་མི་ལིའུ་དབྱང་ནི་གནོད་མེད་ཟས་ཟ་བར་ཧ་ཅང་དགའ་མཁན་ཞིག་རེད། ཁོང་གིས་སྨན་གྱིས་ལུས་ཤ་རིད་པར་བྱེད་པ་དང་ཁ་ལག་མི་བཟའ་བར་ལུས་ཤ་རིད་པར་བྱེད་པ་སོགས་དང་བསྡུར་ན་གནོད་མེད་ཟས་དེ་བས་ཚན་རིག་དང་མཐུན་པ་ཞིག་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཟས་གཙོ་བོའི་གྲས་སུ་འབྲས་རྩིང་དང་། ནན་ཀྭ ཨ་ཤོམ་སོགས་ཡོད། ཤ་རིགས་གྲས་སུ་བྱ་དེའི་བྲང་ཤ་དང་། ཚགས་ཤ། ཤ་སྨི་སོགས་ཡོད། དེ་དག་དང་སྔོ་ཚལ་དང་། ཤིང་འབྲས། འབྲུ་རྩིང་བཅས་མཉམ་དུ་སྦྱོར་རྟ་བྱས་ན་མི་རྣམས་ལ་འཚོ་བཅུད་དེ་བས་ཕུན་སུམ་ཚོགས་ལ་བདེ་ཐང་ཡོང་ཐུབ།
ཝང་ཧའོ་ནི་ལུས་སྦྱོང་རྩལ་ཁྲིད་པ་ཞིག་རེད། ལུས་ཤ་རིད་པར་བྱེད་པའི་དགོས་མཁོ་ཡོད་པའི་སློབ་མར་ཝང་ཧའོ་ཡིས་རང་ཉིད་ཀྱིས་ཁ་ལག་བཟོས་ནས་སྣུམ་དང་ཚྭ་ཉུང་ཙམ་རྒྱག་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པའི་གྲོས་འགོ་འདོན་གྱི་ཡོད། ད་དུང་ཁོང་ཚོར་ཉེ་འགྲམ་གྱི་གནོད་མེད་ཟས་ཀྱི་ཟ་ཁང་འོས་སྦྱོར་བྱེད་ཀྱི་ཡོད། “ཚད་ལྡན་གྱི་ལུས་ཤ་རིད་པར་བྱེད་པའི་ཁ་ལག་ནང་རྒྱུན་དུ་སྤྲི་དཀར་རྫས་དང་། སྔོ་ཚལ་གཅིག ཟས་གཙོ་བོ་གཅིག་བཅས་དགོས་ཤིང་། ཟས་རིགས་དེ་དག་སྣུམ་ཉུང་བའི་ཐབས་ལ་བརྟེན་ནས་གཡོས་སྦྱོར་བྱེད་དགོས། གནོད་མེད་ཟས་ཟ་ཁང་གི་ཟ་མ་མང་པོ་ཞིག་བླང་བྱ་དེ་དག་དང་མཐུན་གྱི་ཡོད”ཅེས་ཝང་ཧའོ་ཡིས་བཤད།
ཟ་ཁང་དུ་གནོད་མེད་ཟས་ཟ་མཁན་མང་དུ་འགྲོ་བ།
ཉེ་ཆར་གསར་འགོད་པ་ལྷ་ས་གྲོང་ཁྱེར་གྱི་གནོད་མེད་ཟས་ཟ་ཁང་ཞིག་ཏུ་སྐྱོད་སྐབས་ཟ་ཁང་ནང་ཁ་ལག་ཉོ་སྐྱེལ་བྱེད་མཁན་ལྔ་དྲུག་བསྒུགས་ནས་ཡོད་པ་མཐོང་བྱུང་། ཟ་ཁང་གི་སྦྱིན་བདག་སུན་ལིན་གྱིས་ཉེ་བའི་ལོ་གཉིས་ནང་ལྷ་སར་གནོད་མེད་ཟས་ཟ་མཁན་མང་དུ་འགྲོ་བཞིན་འདུག འོན་ཀྱང་མི་མང་པོ་ཞིག་གིས་གནོད་མེད་ཟས་ལ་རྒྱུས་མངའ་དེ་ཙམ་མེད། “གནོད་མེད་ཟས་ཟེར་ན་ཐཱན་ཆུ་མེད་པ་མཚོན་གྱི་མེད་ལ། དཀར་ཟས་ཀྱང་མིན། དེ་ནི་གཙོ་བོ་བཟའ་བཏུང་གི་གྲུབ་ཆ་སྦྱོར་རྟ་བྱེད་པར་ཐུག་ཡོད”ཅེས་གསར་འགོད་པར་བརྗོད་བྱུང་།
“ད་ཆ་མི་རྣམས་ཀྱིས་བདེ་ཐང་དང་གཟུགས་བྱད་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཁཱ་ལོ་ལི་ཉུང་ལ་འཚོ་བཅུད་ལྡན་པའི་གནོད་མེད་ཟས་འདི་རིགས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད”སུན་ལིན་གྱིས་ད་ཆ་ཉིན་ལྟར་ཉིན་དགུང་ཁ་ལག་ཉོ་མཁན་ཧ་ཅང་མང་པོ་འདུག སྤྱིར་བཏང་དུ་ཁ་ལག་ཉོ་མཁན་200ཙམ་ཟིན་གྱི་འདུག ཁ་ལག་ཉོ་མཁན་མང་ཆེ་བ་ལོ་20ནས་40བར་རེད་འདུག་ཅེས་བརྗོད།
གནོད་མེད་ཟས་ལ་སྣུམ་དང་། ཚྭ། མངར་རྒྱུ་བཅས་ཉུང་བ་དང་། ཞག་ཚི་ཉུང་ལ་ཚ་ཚད་དམའ་པོ་ཡོད་པས་རང་བྱུང་འཚོ་བཅུད་དང་ཚི་སྣ་ལྡན་པའི་ཟས་གསབ་པར་ཕན་ཐོགས་ཡོད། གལ་ཏེ་ཡུན་རིང་ཟ་དགོས་ཚེ། སྤུས་ལེགས་ཀྱི་ཐཱན་ཆུ་དང་སྤྲི་དཀར་རྫས་འཇུ་ཆེད་སུན་ལིན་གྱིས་ཟས་ཀྱི་སྦྱོར་རྟ་ཡག་པོ་བྱེད་དགོས་པའི་གྲོས་འགོ་འདོན་གྱི་འདུག “ཤ་རྒྱགས་པོ་ཡིན་པའི་མི་ཚོགས་ལ་མཚོན་ན། གནོད་མེད་ཟས་ནི་གདམ་ག་ཡག་པོ་ཞིག་ཡིན། འོན་ཀྱང་གནོད་མེད་ཟས་ཟ་བ་ནི་ལུས་ཤ་རིད་པར་བྱ་ཆེད་ཁོ་ན་མིན་པར་བདེ་ཐང་ལ་དེ་བས་དོ་སྣང་བྱེད་དགོས་པའི་རེ་བ་ཡོད”ཅེས་བཤད།
རང་གི་གཟུགས་གཞིར་བརྟེན་ནས་ཟས་འཕྲོད་མིན་བལྟ་དགོས།
“རང་གི་གཟུགས་གཞིར་དཔགས་ནས་ཟས་ལ་བསྟེན་ཚུལ་དང་བསྟེན་དུས་མ་ནོར་བ་བྱེད་དགོས”བོད་ལྗོངས་ཧྥུའུ་ཁང་སྨན་ཁང་ནད་ཐོག་འཚོ་བཅུད་ཚན་ཁག་གི་ཀྲུའུ་རེན་ཏན་ཙེ་ཞ་ཡིས། ལུས་པོ་འཁྱག་ཤུར་རྒྱག་སླ་བ་དང་ཕོ་བའི་འཇུ་ནུས་ཞན་པའི་མི་དང་ལྷག་པར་དུ་ཕོ་བའི་གཉན་ཚད་དང་ཕོ་བ་སྨུག་པོ་སོགས་ཀྱི་ནད་པ་དང་དེ་བཞིན་རྒན་རྒོན་དང་ཕྲུ་གུ་ལ་མཚོན་ན་མི་འཇུ་བ་དང་མི་འཕྲོད་ཟས་རིགས་ཉུང་ཙམ་ཟ་དགོས། རྒྱུན་ལྡན་མི་ཚོགས་ཀྱིས་ཀྱང་སྐབས་རེ་ཟ་རུང་བ་ལས་རྟག་ཏུ་ཟས་འདི་རིགས་ཟ་རྒྱུ་མེད། དེ་དང་དུས་མཚུངས་གནོད་མེད་ཟས་ནི་ཧྲ་ལཱ་དང་དཀར་ཟས་ཁོ་ན་མིན། གནོད་མེད་ཟས་ཡིན་པའི་ཧྲ་ལཱ་ཡི་ནང་སྔོ་ཚལ་དང་ཤ་སྒོང་ཉུང་ཉུང་ལས་འབྲུ་རིགས་གང་ཡང་མེད། རྟག་ཏུ་བཟས་ན་འཚོ་བཅུད་དོ་སྙོམས་ཡོང་མི་ཐུབ། ཡང་གནོད་མེད་ཟས་ཁ་ཤས་ནང་ཤའི་རིགས་སམ་ཡང་ན་ལས་སྣོན་ཞིབ་ཚགས་བྱས་པའི་ཤ་རིགས་དཔེར་ན་ཤ་རྒྱུ་སོགས་ལས་མེད། དེ་འདྲ་བཟས་ན་ལུས་པོའི་ཤ་གནད་ཉམས་སྲིད།
ཏན་ཙེ་ཞ་ཡིས་གནོད་མེད་ཟས་འདེམས་སྐབས་སྣ་ཁ་མང་བ་དང་ལུགས་མཐུན་སྦྱོར་རྟ་བྱེད་པའི་རྩ་དོན་བརྩི་སྲུང་བྱེད་དགོས་པ་སྟེ། ཉུང་མཐར་ཡང་སྔོ་ཚལ་རིགས་དང་། ཤིང་ཏོག་རིགས། འབྲུ་རིགས། ཞོག་ཁོག་རིགས། སྲོག་ཆགས་རང་བཞིན་གྱི་བཟའ་བཅའི་རིགས། སྲན་ཆེན་དང་ཤུན་མཁྲེགས་ཤིང་ཏོག་རིགས། འོ་མ་དང་དཀར་ཆུའི་ཐོན་རྫས་རིགས། སྣུམ་ཚྭའི་རིགས་སོགས་བཟའ་བཅའི་རྒྱུ་ཆའི་ཁྲོད་ཀྱི་རིགས་4ཚུད་པ་དང་། སྤྱིར་རིགས་6ལས་མི་ཉུང་བ་དང་སྤྱི་འབོར་ཡང་མིའི་གཟུགས་པོའི་དགོས་མཁོ་དང་མཐུན་དགོས། “ཚན་རིག་དང་མཐུན་པའི་སྒོ་ནས་ལུས་ཤ་རིད་པར་བྱེད་དགོས་ན་ཚ་ཚད་ཉུང་དུ་གཏོང་དགོས་པ་མ་ཟད། ད་དུང་ཆོས་ཉིད་དང་མཐུན་པའི་ངལ་གསོ་རྒྱག་པ་དང་ཁ་ལག་བཟའ་བ་དང་། ཁ་ལག་བཟའ་སྐབས་སོ་ཡག་པོ་རྒྱག་པ་དང་ཟས་བཟའ་བའི་གོ་རིམ་ལེགས་སུ་གཏོང་དགོས། གཞན་ཡང་ལུས་སྦྱོང་གི་གོམས་གཤིས་རྒྱུན་འཁྱོངས་བྱེད་པ་དང་མཚན་འཁྱོངས་མ་བྱས་ཚེ་ལུས་ཤ་རིད་པར་བྱེད་པར་ཕན་ཐོགས་ཡོད”ཅེས་གྲོས་འགོ་བཏོན་པ་རེད།
(རིག་རྡོར་གྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)