《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月12日

བོད་ཀྱི་དངུལ་རྩ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ།

—— རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དངུལ་རྩའི་ལས་དོན་ཚོགས་འདུ་འཚོགས་པའི་སྐབས་སུ་བྲིས་པ།

རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། ཀྲུང་དབྱང་དངུལ་རྩ་གཞུང་དོན་ཁང་དང་། ཀྲུང་དབྱང་དངུལ་རྩ་ལས་དོན་ཨུ་ལྷན། ཀྲུང་གོ་མི་དམངས་དངུལ་ཁང་། རྒྱལ་ཁབ་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས། ཀྲུང་གོ་འཛིན་ལོར་ལྟ་འདོམས་ཨུ་ལྷན། ནོར་སྲིད་པུའུ་སོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ལྗོངས་ཡོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དངུལ་རྩའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། དངུལ་རྩའི་འཕེལ་རྒྱས་དང་བདེ་འཇགས་ལ་ནུས་ཆེའི་སྤྱི་འདོམས་བྱེད་པ། ཏང་གིས་དངུལ་རྩའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། དངུལ་རྩའི་ཉེན་ཁ་འགོག་ཟོན་དང་སེལ་བ། དངུལ་རྩ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གཙོ་གནད་ལས་འགན་དོན་འཁྱོལ་ནན་ཏན་བྱས་པས། དངུལ་རྩའི་འཁོར་རྒྱུག་རྒྱུན་མཐུད་བརྟན་པོ་དང་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་བརྟན་པོའི་ངང་མཐོ་རུ་ཕྱིན་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དངུལ་རྩའི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད།

ཏང་གི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རྩ་བར་བྱས་ནས་འགན་འཁྲི་འཁུར་བའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ།

ཏང་ཀྲུང་དབྱང་གི་དངུལ་རྩའི་སྒྲིག་གཞི་སྒྱུར་བཅོས་ཀྱི་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ནས་ལྗོངས་ཏང་ཨུད་དངུལ་རྩ་ཨུ་ལྷན་འཛུགས་པར་སྐུལ་འདེད་བཏང་བ་དང་། ཟླ་2ཚེས་3ཉིན། ལྗོངས་ཏང་ཨུད་དངུལ་རྩ་གཞུང་དོན་ཁང་དང་། ལྗོངས་ཏང་ཨུད་དངུལ་རྩ་ལས་དོན་ཨུ་ལྷན། ལྗོངས་ས་གནས་དངུལ་རྩ་དོ་དམ་ཅུས་བཅས་ཀྱི་སྒོ་བྱང་བདེ་བླག་ངང་བཀལ་ནས། ལྗོངས་ཏང་ཨུད་ཀྱིས་དངུལ་རྩའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ཡོད། ཞི་ཅིན་ཕིང་གི་དཔལ་འབྱོར་གྱི་དགོངས་པའི་དངུལ་རྩའི་སྐོར་གྱི་རྣམ་བཤད་ཟབ་སྦྱོང་དང་དོན་འཁྱོལ་ནན་ཏན་བྱས་ཏེ་རང་རྟོགས་ངང“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་དང“སྲུང་སྐྱོང་གཉིས”ཀྱི་ལག་ལེན་གྱི་བླང་བྱ་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་བྱེད་པ་དང་། རང་རྟོགས་ངང་དངུལ་རྩའི་ལས་དོན་དེ“དོན་ཆེན་བཞི”དང“འཛུགས་གཏོད་བཞིའི”སྤྱི་ཡོངས་ཁྲོད་དུ་བཞག་ནས་བསམ་གཞིག་བྱེད་པ་དང་། ཇུས་འགོད་བྱེད་པ། སྐུལ་འདེད་གཏོང་བ་བཅས་བྱས་ནས་དངུལ་རྩའི་འདུ་ཤེས་དང་། དངུལ་རྩའི་བསམ་གཞིག དངུལ་རྩའི་བྱེད་སྟངས་བཅས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གང་དུ་བྱས་ན་དེ་གར་དངུལ་རྩའི་ཞབས་ཞུ་སྣུར་སྲིང་ཐུབ་པའི་འགན་ལེན་བྱས་ཡོད།

དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་བྱས་ནས་དངུལ་རྩའི་ཞབས་ཞུའི་ཕན་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ།

དངུལ་རྩའི་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་མཐའ་འཁྱོངས་དང་ལག་ལེན་བསྟར་བ་དང་། དངུལ་རྩའི་ལས་དོན་ཚང་མ“འཛུགས་གཏོད་བཞིར”བརྩི་བཀུར་དང་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྔོན་ཚུད་ཞབས་ཞུ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་བ། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་དངུལ་རྩའི་སྲིད་ཇུས་ཀྱི་དྲན་སྐུལ་དང་། སྒྲུབ་སྐུལ། ཞིབ་དཔྱད། ཕྱིར་ཚོང་ཨང་གྲངས་བཅས་ལ་གདུབ་ཟུམ་དོ་དམ་ལག་བསྟར་དོན་འཁྱོལ་བྱེད་པ། དངུལ་རྩའི་ཐོན་ཁུངས་འཐབ་ཇུས་གལ་ཆེན་དང་། གཙོ་གནད་ཁྱབ་ཁོངས། ཉམས་ཞན་ལྷུ་ཚིགས་བཅས་ལ་ཕྱོགས་པར་མཐུན་སྦྱོར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དངུལ་རྩས་དེ་བས་གནད་ལ་འཁེལ་བ་དང་། དེ་བས་རྒྱ་ཁྱབ། དེ་བས་ཡུན་རིང་བཅས་ཀྱི་སྒོ་ནས་དངོས་ཚན་དཔལ་འབྱོར་ལ་ཕན་པ་འདོགས་དགོས། 2023ལོའི་ལོ་མཇུག་བར། དངུལ་རྩའི་ལས་རིགས་ལ་འཕར་ཐང་སྒོར་དུང་ཕྱུར་233.67བྱུང་བ་དེས་GDPཡི་9.77%བཟུང་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་2ཙམ་གྱིས་མཐོ་བ་ཡོད་པ་དང་། འདི་ལོའི་ཟླ་4པའི་ཟླ་མཇུག་བར། དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་6380.52ཟིན་པ་དེ་དུས་མཚུངས་ལས་12.98%འཕར་ནས་ཡིད་རྟོན་དངུལ་བུན་གྱི་གཞི་ཁྱོན་གྱིས་བོད་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཤིང་། དངུལ་བུན་དང་བཅོལ་དངུལ་གྱི་བསྡུར་ཚད་101.81%ཟིན་ནས་100%ལས་བརྒལ་ཐེངས་དང་པོ་ཡིན་པ་རེད། མ་དངུལ་བསྡུ་སྒྲིལ་གྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བ་དང་“ཡིད་རྟོན་དངུལ་བུན་ཐོབ་པའི”གདེང་འཇོག་དཔྱད་ཞིབ་ལམ་སྲོལ་བཙུགས་ནས་ལག་བསྟར་བྱས་ཏེ་བོད་ཀྱི་ཁྲོམ་རའི་བྱེད་པོར་ལྗོངས་ཕྱིའི་ཞིང་ཆེན་གྱི་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་ལས་ཧ་ཅང་དམའ་བའི་ཡིད་རྟོན་དངུལ་བུན་ཐོབ་པ་དང་། དངུལ་རྩའི་སྒྲིག་གཞིས་གསར་དུ་བཀྲམ་པའི་སྤྱིར་བཏང་ཚོང་ལས་རང་བཞིན་གྱི་དངུལ་བུན་གྱི་ཆ་སྙོམས་སྐྱེད་ཚད་1.77%བར་ཆག་པ། མིག་སྔར་རང་ལྗོངས་ཀྱི་དངུལ་བུན་སྐྱེད་ཚད་རྒྱལ་ཡོངས་ཀྱི་དམའ་ཤོས་རྒྱུན་འཁྱོངས་ཐུབ་ཡོད་ལ་བོད་ཀྱི་ལོ་རྒྱུས་ཐོག་དམའ་ཤོས་ཀྱང་ཡིན། ལྗོངས་ཡོངས་ཀྱི་ཐོན་ལས་མཉམ་འདྲེས་འབྲེལ་མཐུད་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་ཤིང་། གན་འཇོག་མ་དངུལ་སྒོར་དུང་ཕྱུར་835ཟིན་ནས་བོད་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་མ་དངུལ་སྒོར་དུང་ཕྱུར་230དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ཡོད།

འགག་སྒྲོལ་ཁེ་ལས་ཁྲོམ་ཞུགས་དམ་འཛིན་བྱ་གཞིར་བྱས་ནས་མ་རྩའི་ཁྲོམ་ར་ཕྱོགས་ཡོངས་ནས་འབྲེལ་མཐུད་དང་བེད་སྤྱོད་ཡག་པོ་བྱེད་པ།

ཁེ་ལས་ཁྲོམ་ཞུགས་ཀྱི“སྐལ་བཟང་མེ་ཏོག་བྱ་སྤྱོད”ལག་བསྟར་བྱ་རྒྱུ་དེ་དངུལ་རྩས“འཛུགས་གཏོད་བཞིར”ཞབས་འདེགས་ཞུ་བ་དང་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཁ་ཕྱོགས་གཙོ་བོ་དང་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་དབྱང་གིས་བོད་ལ་གནང་བའི་ཁེ་ལས་ཁྲོམ་ཞུགས་ཀྱི“ལྗང་མདོག་བགྲོད་ལམ”སྲིད་ཇུས་ཡག་པོ་སྤྱད་དེ་རིམ་པ་མང་བའི་མ་རྩའི་ཁྲོམ་རའི་བོད་ཀྱི་དཔེ་དབྱིབས་གང་མགྱོགས་གཏོད་དགོས། ལྗོངས་ཡོངས་ཀྱི་མ་རྩའི་ཁྲོམ་རའི་ཚད་གཞི་མཐོ་བ་དང་། བརྒྱུད་རིམ་རང་བཞིན། ཆེད་ལས་རང་བཞིན་བཅས་ཀྱི་ཁེ་ལས་ཁྲོམ་ཞུགས་ཀྱི“སྐལ་བཟང་མེ་ཏོག་བྱ་སྤྱོད”འཆར་གཞི་དང་པོ་ཞིབ་འཇུག་བྱས་ནས་བཟོས་པ་དང་། “ཁག་གཅིག་རེ་དྲུག”གི་སྐས་རིམ་སྐུལ་འདེད་གཏོང་སྟངས་བཟོས་པ། ཁེ་ལས་ཁྲོམ་ཞུགས་མ་དངུལ་བསྡུ་སྒྲིལ་གྱི་བྱ་དགའ་ཁ་གསབ་སྤྲོད་སྟངས་དང་ལས་ཀའི་དཔྱད་བསྡུར་ཞིབ་སྲོལ་བཟོས་པ། ནོར་སྲིད་དང་། དངུལ་རྩ། ཁྲལ་དོན། ཚོང་འགུགས། ལྟ་འདོམས་སོགས་ཁྱབ་ཁོངས་ཀྱི་ཁེ་ལས་ཁྲོམ་ཞུགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་རྩོམ་སྒྲིག་པར་འདེབས་བྱས་པ། “སྐལ་བཟང་མེ་ཏོག་བྱ་སྤྱོད”ཀྱི་སྤུས་རྟགས་མཚོན་རྟགས་དང་། རྩ་འཛུགས་ལམ་སྲོལ། སྲིད་ཇུས་མ་ལག་བཅས་ཕྱོགས་ཡོངས་ནས་བཙུགས་པ་རེད། “ཁེ་ལས་གཅིག་དང་། སྲིད་ཇུས་གཅིག ལས་དོན་ཆེད་དོན་ཚན་ཁག་གཅིག”གིས་ཁེ་ལས་བོད་དུ་གནས་སྤོ་དང་། སྐྱེད་སྲིང་འཕེལ་རྒྱས་གཏོང་བ། ཁྲོམ་ཞུགས་མ་དངུལ་བསྡུ་སྒྲིལ་བྱེད་པ་བཅས་ལ་དུས་འཁོར་ཡོངས་དང་བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུ་མཁོ་འདོན་བྱས་ནས་ཁེ་ལས་ཀྱི“ཁྲོམ་རར་ཞུགས་འདོད་མེད་པ་དང་། ཁྲོམ་རར་ཞུགས་མི་ཕོད་པ། ཁྲོམ་རར་ཞུགས་མི་ཤེས་པ། ཁྲོམ་རར་ཞུགས་མི་ཐུབ་པ”བཅས་ཀྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ཡོད།

ཆ་རྐྱེན་དང་མཐུན་པའི་བོད་དུ་ཡོད་པའི་ཁེ་ལས་ཀྱིས་རྐང་དབང་དང་བུན་དོན་གྱི་མ་དངུལ་བསྡུ་སྒྲིལ་ཡོ་བྱད་སྟབས་བསྟུན་གྱིས་སྤྱད་དེ་ཐད་ཀར་མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བྱས་པས་རིམ་རྩིས་བྱས་ན་བདེ་བླག་ངང་མ་དངུལ་བསྡུ་སྒྲིལ་སྒོར་དུང་ཕྱུར་471.99བྱས་ཡོད། འདི་ལོའི་ཟླ་4པའི་ཟླ་མཇུག་བར། ཐད་ཀར་མ་དངུལ་བསྡུ་སྒྲིལ་བྱས་པ་སྒོར་དུང་ཕྱུར་97གསར་དུ་འཕར་བ་དེ་དུས་མཚུངས་ལས་37.1%འཕར་ཡོད།

ཉེན་ཁ་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་རྒྱུ་བརྗོད་དོན་གཙོ་བོར་བྱས་ནས་དངུལ་རྩའི་ཁོར་ཡུག་ཡག་པོ་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱེད་པ།

མཐའ་ཚད་ཀྱི་བསམ་བློ་དང་མཐར་ཟད་ཀྱི་བསམ་གཞིག་བརྟན་པོ་བཙུགས་ནས་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་དང་། “སྤྱི་ཡོངས་བརྟན་ལྷིང་། སྤྱི་འདོམས་མཐུན་སྦྱོར། རིགས་དབྱེ་ཇུས་བསྟར། གནད་སྨིན་དབྱེ་འབྱེད”བཅས་ཀྱི་གཞི་རྩའི་བྱེད་ཕྱོགས་མཐའ་འཁྱོངས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་མཐའ་འཁྱོངས་བཅས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་བློ་བཟོད་མི་བདེ་བའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་སྒྲིག་སྲོལ་དང་མཐུན་པ་དང་བརྟན་ཞིང་གནད་ལ་འཁེལ་བའི་སྒོ་ནས་དངུལ་རྩའི་ཉེན་ཁ་སྔོན་འགོག་དང་བསལ་ཡོད། ཕྱོགས་ཡོངས་ནས་ལྟ་སྐུལ་དོ་དམ་ནན་པོ་བྱེད་པའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ“ལག་ཁྱེར་ཡོད་བཞིན་སྒྲིག་འགལ”བྱས་རིགས་ལ་བཅོས་སྒྲིག་ནན་པོ་དང་། “ལག་ཁྱེར་མེད་པར་གཉེར་སྐྱོང”བྱས་རིགས་ལ་རྡུང་རྡེག་ནན་པོ་གཏོང་བ། དངུལ་རྩའི་སྒྲིག་གཞི་དང་རྩ་འཛུགས་ཀྱིས་ངེས་གནས་བརྟན་སྲུང་དང་། འབྱུང་གཞིར་ལོག་པ། ལས་སྒོར་རྩེ་གཅིག་ཏུ་གཞོལ་བ་བཅས་ལ་ཁྲིད་སྟོན་བྱས་པ་རེད། ད་ལོའི་ཟླ་4པའི་ཟླ་མཇུག་བར། རང་ལྗོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་ཉེན་གནས་དངུལ་བུན་གཏོང་ཚད་0.39%ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་རྒྱུན་མཐུད་དམའ་བ་དང་། དངུལ་རྩའི་ལས་རིགས་སྤྱི་ཡོངས་བརྟན་པོ་དང་། དངུལ་རྩའི་ཁྲོམ་ར་འཁོར་སྐྱོད་བརྟན་པོ། དངུལ་རྩའི་ཉེན་ཁ་སྤྱི་ཡོངས་ནས་ཚོད་འཛིན་ཐུབ་པ་བཅས་བྱུང་ཡོད།

སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་རྒྱུ་སྟོབས་ཤུགས་སུ་བྱས་ནས་དངུལ་རྩ་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཕྱོགས་ཡོངས་ནས་སྐུལ་སློང་བྱེད་པ།

སྲིད་གཞུང་གི་གཙོ་ཁྲིད་དང་། དངུལ་རྩའི་གཙོ་ཤུགས། ཁེ་ལས་ཀྱི་བྱེད་པོ་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་ཁྲོམ་རའི་བྱེད་པོའི་ཚེ་སྲོག་གི་དུས་འཁོར་ཧྲིལ་པོར་ཁྱབ་པའི་རིམ་པ་མང་བ་དང་ཕྱོགས་ཡོངས་ཀྱི་མ་དངུལ་བསྡུ་རུབ་ཀྱི་སྲིད་ཇུས་འདེགས་སྐྱོར་མ་ལག་འཛུགས་མགྱོགས་སུ་བཏང་བ་དང་། དངུལ་རྩའི་ཐོན་རྫས་དང་། ཞབས་ཞུ། བྱེད་སྟངས་བཅས་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ཞིང་། དངུལ་རྩས་རང་ལྗོངས་ཀྱི་ཞིང་འབྲོག་ལས་དང་། ཕྱི་ཕྱོགས་ཚོང་དོན་ཁེ་ལས། ཚན་རྩལ་གསར་གཏོད་རྣམ་པའི་ཁེ་ལས་བཅས་ཀྱི་མ་དངུལ་བསྡུ་སྒྲིལ་དང་ལྷ་སའི་དངུལ་རྩ་ཚོང་དོན་ཁུལ་འཛུགས་སྐྱོང་། སྒེར་གྱིས་རྐང་དབང་བསྡུས་ནས་མ་འཇོག་འཕེལ་རྒྱས་གཏོང་བ་སོགས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་ཡིག་ཆ་15བཟོས་ནས་བཏོན་པ་དང་། ལྟ་སྐུལ་མཛུབ་ཁྲིད་ཀྱི་བཀོད་གཏོང་ལ་སྤྱི་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་དངུལ་རྩའི་ཐོན་ཁུངས་དེ“འཛུགས་གཏོད་བཞིའི”འཕྲལ་མཁོ་ཆེ་བའི་ཁྱབ་ཁོངས་སུ་མུ་མཐུད་བེད་སྤྱོད་བྱས་པ་རེད། ཕྱི་ཕྱོགས་ནས་ནང་འདྲེན་དང་ནང་ཁུལ་ནས་གསོ་སྐྱོང་ཟུང་དུ་འབྲེལ་བ་མཐའ་འཁྱོངས་བྱས་ནས་དངུལ་རྩ་ལ་བརྟེན་ནས་ཚོང་འགུགས་དང་། ཚོང་ལ་བརྟེན་ནས་ཚོང་འགུགས། ཁེ་ལས་ལ་བརྟེན་ནས་ཁེ་ལས་འགུགས་པ་བཅས་ཤུགས་ཆེན་བྱས་ཏེ་འགྲིམ་འགྲུལ་དངུལ་ཁང་སོགས་རྒྱལ་ཡོངས་རང་བཞིན་གྱི་དངུལ་རྩའི་ལས་ཁུངས་གཙོ་བོས་བོད་དུ་ཡན་ལག་ལས་ཁུངས་འཛུགས་རྒྱུར་མཐུན་སྦྱོར་བྱས་ནས་ཚོང་འགུགས་ངོ་འཕྲད་གྲོས་མོལ་དང་རྗེས་སྙེག་སྦྲེལ་མཐུད་བྱས་ཏེ་སྤུས་ལེགས་ཁེ་ལས་69བོད་དུ་འཕེལ་རྒྱས་གཏོང་བར་ཡོང་བ་དང་། ལྷ་སར་ཁེ་ལས་18བདེ་བླག་ངང་གཞིས་ཆགས་ཡོད། དངུལ་རྩའི་ཐོན་ཁུངས་ཀྱི་གཙོ་གནད་གཤམ་སྒྱུར་དང་། མ་དངུལ་གཤམ་གཏོང་། ཞབས་འདེགས་གཤམ་འོག་ཏུ་ཞུ་བ་བཅས་ལ་སྐུལ་འདེད་བཏང་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་གཏིང་ཤུགས་བསྣན་ཡོད་པ་རེད།

དཔལ་འབྱོར་རྒྱས་ན་དངུལ་རྩ་འཕེལ། དངུལ་རྩ་དར་ན་དཔལ་འབྱོར་འཕེལ། གོམ་སྟབས་རྗེས་མར་ལྗོངས་ཡོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱིས་ལྗོངས་ཏང་ཨུད་ཀྱི་དངུལ་རྩའི་ལས་དོན་ཚོགས་འདུ་འགོ་འཛུགས་ས་གསར་པར་བྱས་ནས་དྲིན་ཚོར་འབད་འབུངས་ཀྱིས་སླར་ཡང་རྡོག་ཐོན་དང་བབ་བསྟུན་མདུན་སྐྱོད་ཀྱིས་ལྗོངས་ཏང་ཨུད་ཀྱི་དངུལ་རྩའི་ལས་དོན་ཚོགས་འདུའི་བཀོད་སྒྲིག་དང་ལྷག་པར་དུ་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ་ཉེན་ཁ་སྔོན་འགོག་དང་། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་ལས་ཀའི་གཙོ་རྐང་ལ་གཞི་གཅིག་ཏུ་སྟངས་འཛིན་དང་། གཞི་གཅིག་ཏུ་སྐུལ་འདེད། གཞི་གཅིག་ཏུ་དོན་འཁྱོལ་བཅས་བྱ་རྒྱུ་མ་ཟད། ཚུགས་གནས་དེ་བས་མཐོ་བ་དང་། ཚད་གཞི་དེ་བས་ནན་པ། བྱེད་ཐབས་དེ་བས་ཏན་ཏིག་བཅས་ལ་བརྟེན་ནས་ལྗོངས་ཏང་ཨུད་ཀྱི་དངུལ་རྩའི་ལས་དོན་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་མ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལེའུ་རྩོམ་ཆེད་དངུལ་རྩའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད།

(ཉི་དོན་གྱིས་བསྒྱུར། རིག་རྡོར་གྱིས་ཞུས)