དྲོད་ཚད་སྙོམས་པའི་ཆུ་རྐྱལ་རྫིང་བུའི་ནང་བསྐྱོད་དེ་ལྔ་པའི་ཚེས་ལྔའི་དུས་ཆེན་མྱོང་རོལ་བྱེད་པ་དང་། ཤེལ་སྒོའི་འཕྲང་ལམ་ནས་ཡར་ཀླུང་གཙང་པོའི་མཛེས་ལྗོངས་ལ་ལྟ་བ། ལྟ་སྐོར་རླངས་འཁོར་ནང་བསྡད་དེ་ཤིང་ཏོག་ཁྲེ་ལི་ཙེའི་ལྡུམ་རར་སྐྱོད་པ། གྲོགས་པོ་ཁ་ཤས་དང་མཉམ་དུ་གླིང་ཁ་གཏོང་བ་སོགས་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་ཉིན་དང་པོར་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་ཤིས་ཕུའུ་ཞིང་ལས་གླིང་ཁར་གསར་འགོད་པས་གྲ་ནང་རྫོང་གིས“ཞིང་ལས་དང་། རིག་གནས། ཡུལ་སྐོར། ལུས་རྩལ”བཅས་མཉམ་འདྲེས་གཏིང་ཟབ་དང་འཕེལ་རྒྱས་གཏོང་བའི་ལམ་བུ་འཚོལ་ཞིབ་བྱས་ནས། གྲོང་གསེབ་ཀྱི་ཕུན་སུམ་ཚོགས་པའི་འཚོ་བ་སྔར་བས་གསོན་ཉམས་ལྡན་པར་གྱུར་ཏེ་ཡུལ་སྐོར་བ་དེ་བས་མང་བ་སྤྲོ་གསེང་ཡུལ་སྐོར་བྱེད་པར་ཡོང་བ་མཐོང་བྱུང་།
“ལོ་བརྒྱད་ཀྱི་གོང་དུ་དེ་གར་རྦད་དེ་ས་རྒོད་རེད”ཤིས་ཕུའུ་ཞིང་ལས་གླིང་ཁའི་འགན་ཁུར་བ་ཡུས་ཅན་མིང་གིས་གསར་འགོད་པར། ཤིས་ཕུའུ་ཞིང་ལས་གླིང་ཁས་ལོ་བརྒྱད་རིང་ཐོག་མཐའ་བར་གསུམ་དུ་བྱེ་འགོག་བྱེ་བཅོས་དང་། ཤིང་འཛུགས་སྔོ་འགྱུར། སྐྱེ་ཁམས་སླར་གསོ། ཚན་རྩལ་སྣེ་ཁྲིད། ཐོན་ལས་དར་རྒྱས་བཅས་ཀྱི་ལྗང་མདོག་ཐོན་ལས་འཕེལ་རྒྱས་གཏོང་སྟངས་མཐའ་འཁྱོངས་བྱས་པས། ས་རྒོད་བཅོས་སྐྱོང་གིས་ཕྱོགས་གཅིག་གི་མི་སེར་ཕྱུག་པོར་འགྱུར་བའི་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་ཅེས་བཤད།
སྔོན་ཆད་ལུང་ཁུག་གི་ཐང་རྒོད་དག་ད་ཆ་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གྱུར། ཤིས་ཕུའུ་ཞིང་ལས་གླིང་ཁར་སྐྱོད་སྐབས་ཚོན་མདོག་སྣ་ཚོགས་ལས་གྲུབ་པའི“ནམ་ཟླའི་ཕུག་ལམ”གྱི་གློག་འོད་འགྲེམས་སྟོན་བྱ་ཡུལ་བརྒྱུད་ལྡུམ་རའི་ནང་གི་མཛེས་ལྗོངས་མིག་ལམ་དུ་མངོན་ནས་ལྷ་ཡུལ་དུ་སླེབས་པ་ལྟར་སྣང་། ཤིང་འབྲས་དང་། སྔོ་ཚལ། མེ་ཏོག་སོགས་སྣ་ཁ་མང་པོ་ཡོད་པ་མ་ཟད། བོད་ཀྱི་ཤིང་ཏོག་ཁྲེ་ལི་ཙི་དང་རྒུན་འབྲུམ་དག་རིམ་གྱིས་སྨིན་པ་དང་། ས་མཐོའི་ཡུལ་ལྗོངས་ལྟ་ན་སྡུག་ཅིང་མི་སེམས་ལ་སྤྲོ་སྣང་སྟེར། ཆིམས་ཕུ་རི་བོ་དང་ཡར་ཀླུང་གཙང་པོར་རྒྱང་ལྟ་བྱེད་པ། ལུས་སྦྱོང་བྱས་ནས་ལུས་སེམས་བདེ་བར་བྱེད་པ། ཆུ་རྐྱལ་རྫིང་བུ་དང་། ཤེལ་སྒོའི་འཕྲང་ལམ། བར་སྣང་གི་དཔྱང་ཐག་བཅས་ཀྱིས་མི་རྣམས་ཀྱི་གསོན་ཤུགས་རབ་ཏུ་འཕེལ་ཞིང་། སྤྲོ་གསེང་རོལ་རྩེད་རྣམ་པ་སྣ་ཚོགས་དང་། ཤྭ་བ་དང་། རྔ་མོང་། རྨ་བྱ་སོགས་ཀྱིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་ལྗོངས་ཤིག་གྲུབ་ཡོད།
“ཆུའི་ནང་དངོས་གནས་སྐྱིད་པོ་འདུག”ལོ་12ལ་སླེབས་པའི་བསྟན་འཛིན་ཀུན་དགའ་རྫིང་བུའི་ནང་འཛུལ་ཐེངས་དང་པོ་ཡིན་པ་དང་གྲོགས་པོ་ཚོ་དང་མཉམ་དུ་རྩེད་མོ་རྩེད་བཞིན་དགའ་འབོད་ཀྱིས་ཁེངས།
ལྷ་ས་ནས་ཡོང་བའི་ཨ་ཅག་ཆིན་ལགས་དང་གྲོགས་པོ་ཚོས་ལག་ཐོགས་ཁ་པར་གྱིས་རང་ཉིད་པར་ལེན་པ་དང་ཕན་ཚུན་པར་ལེན་བཞིན་གྲོང་གསེབ་ཀྱི་སྐྱིད་སྣང་དོད་པའི་རྣམ་པ་དང་མཛེས་ལྗོངས་དག་རེ་ཞིག་རང་ལ་དབང་བར་བྱས། “འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་འདུག”གྲ་ནང་རྫོང་གི་ཕུར་བུ་ཚེ་རིང་ད་རེས་དེ་གར་ཡོང་ཐེངས་གཉིས་པ་ཡིན་ཞིང་། ད་ཐེངས་ཁོང་གིས་རྒན་རྒོན་དང་ཕྲུ་གུ་ཚོ་ཁྲིད་དེ་དུས་རབས་གསར་པའི་ཕ་ཡུལ་གྱི་འཕེལ་རྒྱས་ཡར་ཐོན་ལ་མྱོང་རོལ་བྱེད་པར་ཡོང་ཡོད།
“འདི་གར་ལས་ཀ་བྱེད་རྒྱུ་བྱུང་བས་ཧ་ཅང་ཡག་པོ་འདུག”བསྟན་འཛིན་ཆོས་འཛོམས་ནི་བསམ་ཡས་གྲོང་རྡལ་ནས་ཡིན་པ་དང་ཤིས་ཕུའུ་ཞིང་ལས་གླིང་ཁའི“མི་ཡུལ་གྱི་ཞིམ་ཟས་ཀྱི་བྲོ་བ་དལ་གྱིས་མྱོང”ཞེས་པའི་ཟ་ཁང་དུ་ལས་ཞུགས་ཐུབ་ཡོད། སྐུ་མགྲོན་ལ་སྣེ་ལེན་ཞུས་རྗེས་ཁོང་གིས་དུས་ཚོད་བཙལ་ནས་གསར་འགོད་པར་ད་ཆ་རང་ཉིད་ལ་ཟླ་རེར་གླ་ཆ་སྒོར་5000ཡོད་པ་དང་ལས་ཀའི་ཁོར་ཡུག་ཡག་པོ་ཡོད་པའི་ཁར་ཁྱིམ་དང་ཐག་ཉེ་བས་བློ་ཡིད་ཚིམ་པོ་འདུག་ཅེས་བཤད།
ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་དེ་ཏག་ཏག“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”དང་འཁེལ་བས། གྲ་ནང་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭའི་ནང་དྲིལ་བསྒྲགས་བྱེད་པའི་གླུ་གར་འགྲན་བསྡུར་དང་། མངོན་མིན་རིག་གནས་ཤུལ་གཞག་ཉམས་ལེན། མི་རིགས་ཁག་གི་མངོན་མིན་རིག་གནས་ཤུལ་གཞག་གི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན། མངོན་མིན་རིག་གནས་བློ་གསར་གླིང་འགྲེམས་སྟོན་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད། གྲ་ནང་གི་ཤིང་བརྐོས་དང་། གྲ་ནང་གི་རྫ་ཆས། སྣམ་བུ་ཚོས་རྒྱག་ལག་རྩལ་སོགས་གྲ་ནང་རྫོང་གི་རིམ་ཁག་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་40ལྷག་ཙམ་ལ་དུས་རབས་གསར་པར་སྐྱེ་སྟོབས་དང་གསོན་ཤུགས་རབ་ཏུ་རྒྱས།
གྲ་ནང་རྫོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཁྲེན་ཡཱ་ལིན་གྱིས། གྲ་ནང་རྫོང་གནས་ཡུལ་གྱི་ལེགས་ཆ་མངོན་གསལ་དོད་པ་དང་། རིག་གནས་ཀྱི་ནང་དོན་གཏིང་ཟབ་པ། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཡོད་པས། “ཞིང་ལས་དང་། རིག་གནས། ཡུལ་སྐོར། ལུས་རྩལ”བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་དམིགས་ཏེ་ཡུལ་སྐོར་ལམ་ཐིག་གཏོད་པ་དང་། ཡུལ་སྐོར་བའི་ཉམས་ལེན་ཟབ་ཏུ་གཏོང་བ། འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་སྔོག་འདོན་བཅས་བྱས་ནས། གྲ་ནང་གི་ཡུལ་སྐོར་གཅིག་ལ་གཅིག་སྦྲེལ་གྱིས་གྲོང་གསེབ་དར་རྒྱས་གཏོང་བ་དང་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་སྒུལ་ནུས་གསར་པར་འགྱུར་བ་བྱེད་ཀྱི་ཡིན་ཞེས་བཤད།
(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)