《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月11日

བོད་དུ་ཀོ་གྲུའི(གྲུ་ཤན་འབྲུག་མགོ་མ)འགྲན་བསྡུར་ཐེངས་དང་པོ་བྱས་པ།

འདི་ག་ཚགས་པར་ཁང་གི་གསར་འགོད་པ། ཆོས་བཟང་། ཚེ་རྡོར། ཚེ་རིང་གཡུ་སྒྲོན།

པར①ནི་བོད་རང་སྐྱོང་ལྗོངས་ཀྱི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ཀོ་གྲུའི(གྲུ་ཤན་འབྲུག་མགོ་མ)འགྲན་བསྡུར་གྱི་འགོ་ཚུགས་མཛད་སྒོ་ཚོགས་ཡུལ་ཡིན་པ།

པར②ནི་འགྲན་ཞུགས་རུ་ཁག་ཀོ་གྲུའི་འགྲན་བསྡུར་ལ་ཞུགས་བཞིན་པ།

པར③④ནི་འགྲན་ཞུགས་རུ་ཁག་གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་ལ་ཞུགས་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་9ཉིན་གནས་ཚུལ་འབྱོར་གསལ། ཉི་འོད་ལམ་ལམ་དུ་འཚེར། རླུང་བུ་བསིལ་བསིལ་དུ་ལྡང་། ཆུ་མོ་ལྷུང་ལྷུང་དུ་རྒྱུག དབྱར་གྱི་དཔལ་ཡོན་རབ་ཏུ་བཞད་པའི་དུས་བཟང་འདིར། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་འགན་འཁུར་བའི་2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ཀོ་གྲུའི(གྲུ་ཤན་འབྲུག་མགོ་མ)འགྲན་བསྡུར་ལྷ་ས་གྲོང་ཁྱེར་བཅིངས་འགྲོལ་ཤར་ལམ་དུ་གནས་པའི་གཙང་འགྲམ་སྤྱི་གླིང་གི་ཆུ་ཁོངས་སུ་འགྲན་འགོ་ཚུགས་པ་རེད།

རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཝང་ཏེ་ཅུན་གྱིས་འགྲན་བསྡུར་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་མ་ཐག འཁྲུག་ཆ་དོད་ཅིང་ངོ་མཚར་ཆེ་བའི་འབྲུག་རྩེད་དང་། སེང་རྩེད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཀོ་གཞས་སོགས་འཁྲབ་ནས་འགྲན་བསྡུར་འགོ་ཚུགས་པར་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་སྟངས་སྟབས་ཀྱིས་ཕྱུག་པའི་བྱིས་པ་ཚོས་གར་སྟེགས་ཐོག་བཀྲ་ཤིས་ཞོལ་པ་འཁྲབ་པས་འགྲན་བསྡུར་གྱི་རྣམ་པ་དེ་བས་འཁྲུག་ཆ་དོད་དུ་ཕྱིན།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་འགྲན་བསྡུར་གྱི་བརྗོད་དོན་གཙོ་བོ་ནི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་དར་སྤེལ་གཏོང་དགོས”ཞེས་པ་དེ་ཡིན་ཞིང་། ལེའོ་ཉིང་དང་། ཧུའུ་པེ། ཧུའུ་ནན། སི་ཁྲོན། ཡུན་ནན། ཀུའེ་ཀྲོའུ། དེ་བཞིན་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་བཅས་ཀྱི་གྲུ་ཤན་འབྲུག་མགོ་མའི་ལུས་རྩལ་པ་30ཡིས་ལྗོངས་ནང་ཁུལ་གྱི་གྲུ་ཤན་འབྲུག་མགོ་མའི་ལུས་རྩལ་པ་30དང་ཀོ་གྲུའི་ལུས་རྩལ་པ་40དང་མཉམ་དུ་འགྲན་བསྡུར་བྱས་པ་རེད། ད་ཐེངས་ཀྱི་འགྲན་བསྡུར་འདི་ནི་བོད་ལ་གཉེར་ཐེངས་དང་པོ་རེད་ལ། ད་བར་ཀྲུང་གོར་གཉེར་བའི་ས་བབ་མཐོ་ཤོས་ཀྱི་ཀོ་གྲུའི(གྲུ་ཤན་འབྲུག་མགོ་མ)འགྲན་བསྡུར་ཞིག་ཀྱང་རེད།

འགྲན་བསྡུར་འཁྲུག་པོ་བྱས་པ་བརྒྱུད། གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་ནང་དཔུང་པ་མཉམ་གཤིབ་རུ་ཁག་ལ་ཨང་དང་པོ་ཐོབ་པ་དང་། སེམས་སྒྲིལ་རླབས་གཤག་རུ་ཁག་ལ་ཨང་གཉིས་པ་ཐོབ་པ། ཧོ་ཡུན་གྲུ་ཤན་འབྲུག་མགོ་མའི་རུ་ཁག་ལ་ཨང་གསུམ་པ་ཐོབ་པ་དང་། དེ་བཞིན་ཀོ་གྲུའི་འགྲན་བསྡུར་ནང་སྐྱ་བ་རླབས་གཤག་རུ་ཁག་ལ་ཨང་དང་པོ་ཐོབ་པ་དང་། རྒྱུགས་དང་གཙོད་རུ་ཁག་ལ་ཨང་གཉིས་པ་ཐོབ་པ། འབྲུག་མཆོང་སྟག་རྩེད་རུ་ཁག་ལ་ཨང་གསུམ་པ་ཐོབ་པ་རེད།

རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་བྱེད་སྒོ་ནི་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ལུས་རྩལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་མཐར་ཕྱིན་དང་། དམངས་ཡོངས་ལུས་སྦྱོང་གི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་མཐར་ཕྱིན། དེ་བཞིན་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རིང་ལུས་རྩལ་གྱི་བྱེད་ནུས་བཏོན་ནས་ལུས་རྩལ་ཐོན་ལས་རིག་གནས་དང་ཡུལ་སྐོར་ཐོན་ལས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ་ཞིག་རེད།