《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年06月09日

བོད་ཀྱི་ཁྲོམ་རའི་ཁོར་ཡུག་བཟང་། ཚོང་འགུགས་མ་འདྲེན་དར་ཞིང་རྒྱས།

—— རང་ལྗོངས་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ།

2023ལོ་ནས་བཟུང་། རང་ལྗོངས་ཀྱིས་ཚོང་འགུགས་མ་འདྲེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“འདུ་འགོད་ཨང་དང་པོར”བརྩིས་ནས། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་འཁོར་རྒྱ་དང་ཧྲའན་ཤིས་དང་། ཀན་སུའུ། ཉིང་ཞ མཚོ་སྔོན་བཅས་ཀྱི་དཔལ་འབྱོར་འཁོར་རྒྱའི་ནང་མགྱོགས་མྱུར་མཉམ་འདྲེས་བྱེད་པ་སོགས་ཀྱི་ལས་འགན་ལ་དམིགས་ཏེ་ཚོང་འགུགས་ཀྱི“སྣ་འདུས་ཐབས་བཟང”རབ་དང་རིམ་པ་བཏོན་པ་དང་། སྔོན་ཐོན་ས་ཁུལ་གྱི་མི་འགྲུལ་དང་། ཟོག་འགྲུལ། མ་དངུལ་གྱི་རྒྱུན་བཅས་ནང་འདྲེན་བྱས་པ། སྤུས་ལེགས་ཐོན་ལས་རྣམ་གྲངས་འགན་གཙང་ལེན་པ། ཐོན་ལས་འཁོར་འབྲེལ་གྱིས་ས་མཐོའི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བའི་ཐད་མུ་མཐུད་ཚད་བརྒལ་ཡོང་བ་བྱས་ནས། ལྗོངས་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་བ་དང་རྣམ་པ་གསར་པ་བཏོད་ཡོད་པ་རེད།

2023ལོར་ལྗོངས་ཡོངས་ཀྱིས་ཚོང་འགུགས་མ་འདྲེན་གྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་572.69ཟིན་ནས་ལོ་འཁོར་གྱི་དམིགས་ཚད་ཚད་ལས་བརྒལ་ནས་ལེགས་སྒྲུབ་བྱུང་བ་དང་། ཚོང་འགུགས་མ་འདྲེན་ལ་བརྟེན་ནས་རྣམ་གྲངས་འཛུགས་སྐྲུན་བྱས་པ་བརྒྱུད་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་368.56ཟིན་པ་དང་མི་ཁྲི་6ལྷག་ཙམ་ལས་ཞུགས་ཐུབ་ནས་འབབ་འཕར་སྒོར་དུང་ཕྱུར་7.04ཟིན་ཡོད་པ་རེད།

ཐབས་ལམ་མང་པོ་ནས་ཚོང་འགུགས་མ་འདྲེན་བྱས་པ།

2023ལོར་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་ཚོང་འགུགས་མ་འདྲེན་གྱི“གཡུལ་སར”ནུས་པ་གཙོ་བོ་འདོན་པ་དང་འགན་གཙོ་བོ་ཁུར་ནས་ཡན་ལག་རུ་ཁག་ཆུང་གྲས་དང་ཚོགས་ཆུང་དང་ཚོགས་པ་ཆུང་གྲས་ཀྱི་ཚོང་འགུགས་རྒྱ་ཁྱབ་ངང་སྤེལ་ཏེ། དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་གྱི་ཚོང་འགུགས་མ་འདྲེན་གྱི་ཉམས་མྱོང་བོད་དུ་རྩ་བ་ཚུགས་ནས་འབྲས་བུ་སྨིན་པར་བྱས་པ་རེད། དེའི་ནང་ཀོང་ཏུང་བོད་སྐྱོར་ལས་དོན་རུ་ཁག་གིས“གདན་འདྲེན་པ་དང་། འཛུགས་སྐྲུན། གསར་གཏོད། ཕྱིར་ཚོང”བཅས་ཀྱི་འཁོར་འབྲེལ་གཅིག་གི་ཚོང་འགུགས་མཐའ་འཁྱོངས་བྱས་ནས་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་སུ་ཚོང་འགུགས་མ་འདྲེན་དང་ཐོན་རྫས་འགྲེམས་འཚོང་གི་བྱེད་སྒོ་ཐེངས་7སྤེལ་ཏེ་ཉིང་ཁྲིའི་རིག་གནས་ཡུལ་སྐོར་དང་ནགས་ཁྲོད་ཀྱི་སྤུས་ལེགས་ཁྱད་ལྡན་ཐོན་རྫས་དག་ཁུག་ཆེན་ཁུལ་དུ་སྐད་གྲགས་ཆོད་པར་བྱས་པ་དང་། ཧྥུའུ་ཅན་དང་། ཧེ་ལུང་ཅང་། ཧུའུ་ནན། ཨན་ཧུའེ་སོགས་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་བྱེད་ཐབས་སྣ་མང་སྤྱད་དེ་རོགས་སྐྱོར་བྱ་ཡུལ་གྱི་ཐོན་ཁུངས་དང་སྤུས་རྟགས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་ནས་ས་ཁོངས་དབར་གྱི་དཔལ་འབྱོར་ཚོང་དོན་སྤེལ་རེས་མཉམ་ལས་ཀྱི་ལས་སྟེགས་བསྐྲུན་ཡོད། “བོད་དང་། སི་ཁྲོན། ཁྲུང་ཆིང་བཅས་གསུམ་གྱི་ཚོང་འགུགས་མ་འདྲེན་གྱི་འབྲེལ་མཐུད་ཚོགས་འདུ་དང་། བོད་ཀྱི་སྤུས་ལེགས་ཁྱད་ལྡན་ཐོན་རྫས་ཚོང་འདུས། ཐོན་སྤྲོད་ཚོང་གསུམ་གྱི་འབྲེལ་མཐུད་ཚོགས་འདུར”ཁེ་ལས་90ལྷག་ཙམ་གྱི་འཐུས་མི་200ལྷག་ཙམ་ཞུགས་པ་དང་ཉིན་གསུམ་གྱི་ཕྱིར་ཚོང་གྲངས་འབོར་སྒོར་ཁྲི་110ལྷག་ཙམ་ཟིན་ཡོད་པ་རེད། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

2023ལོར་རང་ལྗོངས་ཀྱིས་བོད་ཀྱི་སྲོལ་རྒྱུན་དམངས་སྲོལ་དུས་ཆེན་གྱི་ཚོང་འགུགས་ཀྱི་གཏིང་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས་ཁེ་ལས་མཁས་ཅན་གདན་དྲངས་ཏེ་ཉམས་ལེན་སྤེལ་རེས་དང་རྟོག་ཞིབ་མ་འཇོག་བྱས་པ་རེད། གྲོང་ཁྱེར་དང་ས་ཁུལ་བདུན་གྱིས་ཞོ་སྟོན་དང་། ཇོ་མོ་གླང་མའི་རིག་གནས་དུས་ཆེན། ཡར་ཀླུང་རིག་གནས་དུས་ཆེན། ཁམ་བུའི་ཡུལ་སྐོར་རིག་གནས་དུས་ཆེན། ཇ་རྟའི་སྒྱུ་རྩལ་དུས་ཆེན། རྟ་རྒྱུག་དུས་ཆེན། ཞང་ཞུང་རིག་གནས་དུས་ཆེན་བཅས་ཀྱི་ཚོང་འགུགས་མ་འདྲེན་གྱི་བྱེད་སྒོ་ཁག་སོ་སོར་གཉེར་བ་དང་རིམ་རྩིས་བྱས་ན་རྣམ་གྲངས་180ལ་གན་རྒྱ་བཞག་པར་མ་དངུལ་སྒོར་དུང་ཕྱུར་620.98བཏང་བ་རེད། 

གཞན་ཡང་། བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པའི་ཚོང་འགུགས་མ་འདྲེན་དང་དཔལ་འབྱོར་ཚོང་དོན་གྱི་གྲོས་མོལ་བྱེད་སྒོ་རབ་དང་རིམ་པ་གྲུབ་འབྲས་ཐོབ་པའི་ངང་གཉེར་ནས་ས་ཁུལ་ཕྱི་ནང་གི་མ་རྩ་འཇོག་མཁན་ཚོང་པར་བོད་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་མུ་མཐུད་སྐུལ་འདེད་གཏོང་བའི་ཆོད་སེམས་དང་ལྷག་བསམ། མདུན་ལམ་དང་གོ་སྐབས་བརྒྱུད་སྤྲོད་བྱས་ཡོད། ཁེ་ལས་103བོད་ལྗོངས་འགྲེམས་ཚོགས་ཀྱི་ཚོང་འགུགས་ཚོགས་ཆེན་ནང་ཞུགས་ནས་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་60ལ་གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་531.83བཏང་བ་རེད།

ཕྱོགས་ཡོངས་ནས་ནུས་པ་སྦྱིན་པ་དང་ཕན་འབྲས་ཐོན་པ།

2023ལོར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཐོན་ལས་འཁོར་འབྲེལ་ལ་བརྟེན་ནས་བཟང་སྤེལ་གཞན་གསབ་དང་འཁོར་འབྲེལ་སྣུར་སྲིང་དང་འཁོར་འབྲེལ་སྟོབས་ལྡན་དུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་ཚོང་འགུགས་འོས་སྦྱོར་དང་། སྣེ་འདྲེན་ཁེ་ལས་དང་འབྲེལ་མཐུད། རྣམ་གྲངས་གལ་ཆེན་ལ་གན་རྒྱ་འཇོག་པ་བཅས་བྱས་ཏེ་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བས་ཚོང་འགུགས་མ་འདྲེན་གྱི་རྨང་གཞིའི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ལས་དོན་སྔར་བས་སྲ་བརྟན་དུ་ཕྱིན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱིས་ལོ་ཧྲིལ་པོར་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་907(མཐུད་སྐྲུན་རྣམ་གྲངས་460དང་། གསར་སྐྲུན་རྣམ་གྲངས447)རེ་ཞུ་ལག་བསྟར་བྱས་པའི་ནང་ལོར་མ་དངུལ་དམིགས་སར་འབྱོར་ཚད་སྒོར་ཁྲི་1000ལས་བརྒལ་བའི་རྣམ་གྲངས་491ཟིན་པ་དང་། རིམ་རྩིས་བྱས་ན་མ་དངུལ་དམིགས་སར་འབྱོར་ཚད་སྒོར་དུང་ཕྱུར་ཡན་གྱི་རྣམ་གྲངས་122ཟིན་ནས་རང་སོ་སོའི་ཁྱད་ཆོས་ལྡན་པའི་ཐོན་ལས་འཁོར་འབྲེལ་གཅིག་རྗེས་གཉིས་མཐུད་ངང་དམིགས་སར་འབྱོར་ནས་འཛུགས་སྐྲུན་ཐོན་སྐྱེད་བྱེད་བཞིན་ཡོད་པ་རེད།

གོང་དཀར་གྱི་མངོན་མིན་རིག་གནས་ཤུལ་བཞག་གཡང་ཊི་བརྐོས་རྩལ་ཁྲིད་སྦྱོང་རྟེན་གཞི་དང་། རྒྱ་ཚའི་ཨན་ཆི་ཇོ་མོ་གླང་མའི་ས་མཐོའི་ཕན་སྐྱེས་འབུ་ཕྲ་བཟོ་སྐྲུན། ས་སྐྱའི་ལི་གྲོ་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་མ་འཇོག་འཕེལ་རྒྱས། སྤོ་བོའི་ལན་ཧའེ་ཞིང་ལས་ཐོན་ལས་གླིང་། མཚོ་སྣའི་བཤས་ལུག་ཁྲིའི་ལྟེ་བའི་གསོ་ཚགས་ར་བ། སྒར་གྱི་རྒྱ་སྨུག་ཚོང་ཟོག་ཆུང་གྲས་སྡེབ་ཚོང་ཁྲོམ་ར་སོགས་ཚོང་འགུགས་རྣམ་གྲངས་གསར་པ་ཁག་གཅིག་གིས་ནུས་རྒྱུ་གཙང་མ་དང་། འབྱུང་འཕྲོད་བཟོ་ལས། རིག་གནས་ཡུལ་སྐོར། ཁྱད་ལྡན་ཞིང་འབྲོག་ལས། ཞབས་ཞུའི་ལས་རིགས་སོགས་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།

གཅིག་སེམས་གཅིག་ཏུ་འབྲེལ་ནས་གཡས་གཞོགས་གཡོན་འདེགས་བྱས་པ།

2023ལོར་རང་ལྗོངས་ཀྱིས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཧུར་ཐག་བསྐྲུན་ནས《བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》བཏོན་པ་དང་། བོད་རང་སྐྱོང་ལྗོངས་ཀྱི《སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འགའ་ཞིག(ཚོད་ལྟའི་ལག་བསྟར)》དང་། 《ཚོང་འགུགས་མ་འདྲེན་ལ་རྒྱབ་སྐྱོར་བྱས་ནས་སྨན་བཅོས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་འགའ་ཞིག》《གློག་སྤྱོད་མ་གནས་སྔར་བས་དམའ་རུ་བཏང་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རོགས་བྱེད་པའི་ལག་བསྟར་ཇུས་གཞི(གནས་སྐབས་ལག་བསྟར)》 《གློག་གསོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར(2023ལོ་ནས་2025ལོ་བར)》སོགས་སྲིད་ཇུས་ཀྱི་ཡིག་ཆ་རབ་དང་རིམ་པ་བཟོས་ནས་ལྗོངས་ཡོངས་ཀྱི་ཁྲིམས་དང་སྒྲིག་སྲོལ་ལྟར་ཚོང་འགུགས་མ་འདྲེན་གྱི་ལས་དོན་སྟོབས་ཆེར་གཏོང་བར་འགན་ལེན་བརྟན་པོ་མཁོ་འདོན་བྱས་པ་རེད།

དེ་དང་ཆབས་ཅིག ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས“བརྒྱུད་རིམ་ཧྲིལ་པོའི་ཚབ་སྒྲུབ་དང་ཆེད་སྒྲུབ་ཚོགས་ཆུང་གི་ཞབས་ཞུ”དང་རྣམ་གྲངས་གལ་ཆེན་འགོ་ཁྲིད་ཀྱི་འགན་གཙང་ལེན་པའི་ཞབས་ཞུའི་ལམ་སྲོལ་གཉིས་དོན་འཁྱོལ་ནན་ཏན་བྱས་ཏེ་བོད་ལྗོངས་འགྲེམས་ཚོགས་དང་དེ་བཞིན་ཚོང་འགུགས་བྱེད་སྒོ་གལ་ཆེན་གཞན་དག་གི་གན་འཇོག་རྣམ་གྲངས་ལས་འགོ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་། ཚོགས་པ་སྒྲིག་འཛུགས་བྱས་ནས་པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་། ཅང་སུའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་23ལ་དྲིལ་བསྒྲགས་འོས་སྦྱོར་བྱས་ཏེ་ཁེ་ལས་58ལ་འཚམས་འདྲི་བྱས་ནས་ཁེ་ལས་7དང་མཉམ་ལས་ཀྱི་ཐོག་མའི་འདོད་བློ་རགས་ཙམ་བྱུང་བ། རྣམ་གྲངས་འབྲེལ་མཐུད་ཚོགས་འདུ་ཐེངས་90འཚོགས་ནས་གཅིག་གཏད་གཅིག་གི་འབྲེལ་མཐུད་ལས་དོན་ཡག་པོ་བསྒྲུབས་ཏེ་ཁེ་ལས་ཀྱི་མ་འཇོག་ཐབས་ལམ་སྔར་བས་ཤར་བགྲོད་ཐུབ་པར་བྱས་ཡོད་པ་རེད། (བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)