《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月09日

ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་ཤཱ་པཱ་ཚི་དང་མཇལ་འཛོམས་གནང་བ།

འདི་ནི་ཟླ་6ཚེས་7ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཕ་ཁི་སི་ཐན་གྱི་ཙུང་ལི་ཤཱ་པཱ་ཚི་དང་མཇལ་འཛོམས་གནང་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་7ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཕ་ཁི་སི་ཐན་གྱི་ཙུང་ལི་ཤཱ་པཱ་ཚི་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཕ་ཁི་སི་ཐན་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་བཟང་པོ་དང་ཁ་དན་ཚིག་གནས་ཀྱི་གྲོགས་པོ་བློས་ཐུབ་ཡིན་ལ། ཕན་ཚུན་ལྟ་སྐྱོང་གི་རོགས་ཟླ་བཟང་པོ་དང་སྐྱིད་སྡུག་མཉམ་མྱོང་གི་སྤུན་ཟླ་བཟང་པོ་ཡང་ཡིན། ཀྲུང་ཕའི་དུས་དང་རྣམ་པ་ཀུན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པས། དམངས་འདོད་ཀྱི་རྨང་གཞི་བརྟན་པོ་དང་། ནང་སྐྱེས་སྒུལ་ཤུགས་ཆེན་པོ། འཕེལ་རྒྱས་ཀྱི་མདུན་ལམ་ཡངས་པོ་བཅས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་རེས་བརྟན་པོ་བྱས་ནས་མཉམ་ལས་ཀྱི་འབྲེལ་ཐག་དམ་དུ་གཏོང་བ་དང་། འཐབ་ཇུས་མཐུན་སྦྱོར་གཏིང་ཟབ་ཏུ་གཏོང་བ། དུས་རབས་གསར་པའི་དེ་བས་དམ་ཟབ་ཀྱི་ཀྲུང་ཕའི་ལས་དབང་གཅིག་མཐུན་ཚོགས་པ་མགྱོགས་མྱུར་སྐྲུན་པ་བཅས་བྱས་ནས་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས། དར་རྒྱས་བཅས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཕའི་མཛའ་གྲོགས་ཡུན་རིང་བརྟན་པོ་ཡོང་བའི་འགག་རྩ་ནི་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བསམ་ཤེས་བྱེད་པ་དང་། ཚད་མཐོའི་ཡིད་ཆེས་བྱེད་པ། རྒྱབ་སྐྱོར་བརྟན་པོ་བྱེད་པ་བཅས་ལ་ཐུག་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་གལ་ཆེན་ཐད་ཀྲུང་གོར་ཡུན་རིང་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྱང་སྔར་བཞིན་ཕ་ཁི་སི་ཐན་ཕྱོགས་ལ་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཕ་ཁི་སི་ཐན་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པར་རྒྱབ་སྐྱོར་བྱ་རྒྱུ། ཕ་ཁི་སི་ཐན་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཀྲུང་གོ་ཕྱོགས་ཀྱིས་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དེ་ཕ་ཁི་སི་ཐན་ཕྱོགས་ཀྱི་འཕེལ་རྒྱས་འཆར་འགོད་དང་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཞིང་ལས་དང་། གཏེར་ལས། སྤྱི་ཚོགས་དམངས་འཚོ་སོགས་ཁྱབ་ཁོངས་ལ་མཉམ་ལས་བྱེད་པ། ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱི“རིམ་སྤོར་པར་གཞི”གཏོད་རྒྱུ་ལྟེ་བར་བྱས་ནས་འཕར་སྣོན་དང་། དམངས་འཚོ། གསར་གཏོད། ལྗང་མདོག སྒོ་དབྱེ་བཅས“བར་ཁྱམས་ཆེན་པོ་ལྔ”མཉམ་སྐྲུན་བྱེད་པ། སྤུས་ཚད་མཐོན་པོས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཕ་ཁི་སི་ཐན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་འདོད་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་བདེ་འཇགས་དང་། བརྟན་པོ། སྔོན་དཔག་ཐུབ་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་བཏོད་ནས་ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་མི་སྣ་དང་། རྣམ་གྲངས། སྒྲིག་གཞི་བཅས་ཀྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་ནང་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་གྲོས་རིམ་ལ་དམིགས་པ། བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་འདོད་ཡོད།

ཤཱ་པཱ་ཚི་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་དབུལ་སྒྲོལ་དང་། རུལ་རྒོལ། འཕེལ་རྒྱས་བཅས་ཀྱི་ཐད་ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་རླབས་པོ་ཆེ་ཐོབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་ལ་དགོངས་པ་ཟབ་པ་དང་ཕུལ་དུ་བྱུང་བའི་འགོ་ཁྲིད་ནུས་པར་ཕ་ཁི་སི་ཐན་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་སྙིང་དབུས་ནས་གུས་བཀུར་བྱེད་ཀྱི་ཡོད་ལ་ཚད་མཐོའི་གདེང་འཇོག་ཀྱང་ཐོབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཡོངས་ཀྱི་བདེ་རྩར་དམིགས་ནས་འཛམ་གླིང་ཞི་བདེར་སྐུལ་འདེད་བཏང་གནང་བ་མ་ཟད། སྐད་ཆ་ཤོད་རེས་བྱེད་པ་ལས་འགྲན་རྒོལ་མི་བྱེད་པའི་དགོངས་ཚུལ་ཡང་འཛིན་གནང་བ་དང་། ཁོང་གིས་བཏོན་གནང་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ཀྱིས་དེང་སྐབས་འཛམ་གླིང་ལ་འཕྲད་པའི་གནད་དོན་ཐག་གཅོད་དང་དེ་བས་ཞི་བདེ་དང་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་འཐབ་ཇུས་ཀྱི་སྣེ་ཁྲིད་མཁོ་འདོན་གནང་ཡོད་པས། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་པ་དང་འབྲེལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱིས་ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་ཕ་ཁི་སི་ཐན་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་བདེ་བསྐྲུན་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་ཀྲུང་གོ་ཕྱོགས་དང་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན། ད་ལོའི་ཟླ་3པའི་ཏ་སུའུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ནང་ཀྲུང་གོ་ཕྱོགས་ཀྱི་མི་སྣ་རྐྱེན་ལམ་དུ་ཤོར་བར་ཕ་ཁི་སི་ཐན་སྲིད་གཞུང་གིས་སླར་ཡང་མྱ་ངན་ཟབ་མོ་ཞུ་རྒྱུ་དང་གྱོད་གཞི་དང་འབྲེལ་བ་ཡོད་པའི་འཇིགས་སྐུལ་པར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་འབྲེལ། ཆད་པ་ནན་པོ་གཅོད་པ་དང་བྱ་ཐབས་ནུས་ལྡན་སྤྱད་དེ། ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་མི་སྣ་དང་སྒྲིག་གཞིའི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ཡིན། སྟོབས་ཤུགས་གང་འདྲ་ཞིག་གིས་ཀྱང་ཀྲུང་གོ་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་བཀག་འགོག་བྱེད་མི་ཐུབ་ལ། སྟོབས་ཤུགས་གང་འདྲ་ཞིག་གིས་ཀྱང་ཕ་ཀྲུང་གི་མཛའ་གྲོགས་འབྲེལ་བར་གཡོ་འགུལ་གཏོང་མི་ཐུབ་པ་ངས་བསྐྱར་བསྒྲགས་བྱེད་འདོད་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་བློས་འགེལ་ཆོག་པའི་གྲོགས་པོ་དང་རོགས་ཟླ་བྱ་རྒྱུ་ཡིན།

(མཚམས་གཅོད་ཀྱིས་བསྒྱུར། དམ་ཆོས་ཀྱིས་ཞུས)