《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月08日

ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་རྒྱལ་ཁབ་གསུམ་གྱི་གཙོ་བདག་གིས་བརྙན་ལམ་ནས་ཀྲུང་ཁེར་ཨུའི་ལྕགས་ལམ་རྣམ་གྲངས་ཀྱི་རྒྱལ་ཁབ་གསུམ་གྱི་སྲིད་གཞུང་དབར་གྱི་གྲོས་མཐུན་ལ་མཚན་རྟགས་བཀོད་པར་རྟེན་འབྲེལ་ཞུས་པ།

ཟླ་6ཚེས་6ཉིན། ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་རྣམ་གྲངས་ཀྱི་རྒྱལ་ཁབ་གསུམ་གྱི་སྲིད་གཞུང་དབར་གྱི་གྲོས་མཐུན་ལ་མཚན་རྟགས་འགོད་པའི་མཛད་སྒོ་པེ་ཅིང་དུ་གཉེར་ཞིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་གྲོས་མཐུན་ལ་མཚན་རྟགས་བཀོད་པར་རྟེན་འབྲེལ་ཞུས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་6ཉིན། ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་རྣམ་གྲངས་ཀྱི་རྒྱལ་ཁབ་གསུམ་གྱི་སྲིད་གཞུང་དབར་གྱི་གྲོས་མཐུན་ལ་མཚན་རྟགས་འགོད་པའི་མཛད་སྒོ་པེ་ཅིང་དུ་གཉེར་ཞིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལུའོ་ཧྥུའུ། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་བཅས་ཀྱིས་བརྙན་ལམ་ནས་གྲོས་མཐུན་ལ་མཚན་རྟགས་བཀོད་པར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་ཁེར་ཨུའི་ལྕགས་ལམ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མ་མཉམ་སྦྲེལ་མཉམ་མཐུད་ཀྱི་འཐབ་ཇུས་རང་བཞིན་གྱི་རྣམ་གྲངས་ཤིག་ཡིན་པ་མ་ཟད། རྒྱལ་ཁབ་གསུམ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་མཉམ་ལས་ཀྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཞིག་ཀྱང་རེད། རྒྱལ་ཁབ་གསུམ་གྱི་སྲིད་གཞུང་དབར་གྲོས་མཐུན་ལ་མཚན་རྟགས་བཀོད་པ་དེས། ཀྲུང་ཁེར་ཨུའི་ལྕགས་ལམ་རྣམ་གྲངས་འཛུགས་སྐྲུན་ལ་བཅའ་ཁྲིམས་ཀྱི་རྨང་གཞི་བརྟན་པོ་འདིང་རྒྱུ་དང་། ཀྲུང་ཁེར་ཨུའི་ལྕགས་ལམ་དེ་བསམ་ཚོད་ནས་དོན་དངོས་སུ་འགྱུར་བ་མཚོན་པ་མ་ཟད། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱལ་ཁབ་གསུམ་པོས་ལག་གདང་སྦྲེལ་ནས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་མཉམ་དུ་འཕེལ་རྒྱས་དོན་གཉེར་བྱེད་པའི་ཆོད་སེམས་བརྟན་པོའང་མངོན་ཡོད། ཀྲུང་གོས་ཁེར་གྷི་སི་ཐན་དང་ཨུ་ཟ་བྷེ་ཁི་སི་ཐན་རྒྱལ་ཁབ་གཉིས་དང་མཉམ་དུ་ཡང་འབད་བསྐྱར་འབད་ཀྱིས་རྣམ་གྲངས་འཛུགས་སྐྲུན་གྱི་གྲ་སྒྲིག་ཁག་ཡག་པོ་བྱེད་པ་དང་། རྒྱལ་ཁབ་གསུམ་དང་རྒྱལ་ཁབ་གསུམ་གྱི་མི་དམངས་ལ་ཕན་འདོགས་པ། ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་པ་བཅས་ཀྱི་འཐབ་ཇུས་ཀྱི་འགྲོ་ལམ་སྔ་ཙམ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

ཀྲ་ཕཱ་ལུའོ་ཧྥུའུ་ཡིས། ཀྲུང་ཁེར་ཨུའི་ལྕགས་ལམ་ནི་རྒྱལ་ཁབ་གསུམ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གཙོ་གནད་ལས་གྲྭ་ཞིག་ཡིན། དེ་བསྐྲུན་རྗེས་ཨེ་ཤེ་ཡ་ནས་ཡོ་རོབ་དང་པོའོ་སི་དབན་མཚོ་ཁུག་རྒྱལ་ཁབ་དབར་གྱི་སྐྱེལ་འདྲེན་ལམ་ཐིག་གསར་པར་འགྱུར་རྒྱུ་མ་ཟད། ལམ་རྒྱུད་རྒྱལ་ཁབ་ཁག་དང་ཐ་ན་ས་ཁུལ་ཧྲིལ་པོའི་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་ཤུགས་སྣོན་རྒྱག་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ལྕགས་ལམ་དེ་སྔ་ཙམ་བསྐྲུན་ནས་གཉེར་སྐྱོང་བྱས་ཏེ་ས་ཁུལ་གྱི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བར་སྒུལ་ཤུགས་གསར་པ་སྣོན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

སྨིར་ཅི་གཡོད་ཡེ་ཧྥུའུ་ཡིས། གོང་ཚེས་ཉིན་གྱི་མཚན་རྟགས་འགོད་པའི་མཛད་སྒོར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ལ། ས་ཁུལ་གྱི་མཉམ་སྦྲེལ་མཉམ་མཐུད་འཛུགས་སྐྲུན་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད། ཀྲུང་ཁེར་ཨུའི་ལྕགས་ལམ་དེ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དབར་སྦྲེལ་མཐུད་བྱེད་པའི་སྐམ་སའི་བགྲོད་ལམ་ཐུང་ཤོས་སུ་འགྱུར་རྒྱུ་དང་ད་དུང་ཨེ་ཤེ་ཡ་ལྷོ་མ་དང་འཛམ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་ཁྲོམ་ར་ཆེན་པོ་སྦྲེལ་ཐུབ་པས། ས་ཁུལ་དང་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་མཉམ་ལས་སྔར་བས་རྒྱ་ཆེར་གཏོང་བ་དང་རྒྱལ་ཁབ་དབར་གྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་ཕན་ཐོགས་ཡོད་ལ། རྒྱལ་ཁབ་ཁག་གི་ཕུགས་ཀྱི་ཁེ་ཕན་དང་ཡང་མཐུན་ཡོད་ཅེས་གསུངས་པ་རེད།

ཀྲུང་ཁེར་ཨུའི་ལྕགས་ལམ་ཤིན་ཅང་ཁ་ཧྲི་ནས་འགོ་བཙུགས་ཏེ་ཁེར་གྷི་སི་ཐན་བརྒྱུད་ཨུ་ཟ་བྷེ་ཁི་སི་ཐན་གྱི་མངའ་ཁོངས་སུ་སྐྱོད་ཀྱི་ཡོད། འབྱུང་འགྱུར་ཨེ་ཤེ་ཡ་ནུབ་མ་དང་ཨེ་ཤེ་ཡ་ལྷོ་མའི་ཕྱོགས་སུ་སྣུར་སྲིང་བྱ་རྒྱུ་དང་བསྐྲུན་རྗེས་རྒྱལ་ཁབ་གསུམ་པོའི་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་ཤུགས་ཆེན་ཐེབས་རྒྱུ་མ་ཟད། ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་མྱུར་འགྲོ་རྒྱུར་སྣེ་ཁྲིད་ཐུབ་རྒྱུ་རེད།