《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月07日

མུ་མེད་བྱང་གི་རྩྭ་ཐང་ནས། སྐྱེ་ཁམས་འབྲོག་གླུ་ལྷང་ལྷང་གྲགས།

—— ནག་ཆུ་དགའ་བདེ་ཀུང་སིས་སྐྱེ་ཁམས་འབྲོག་ལས་འཕེལ་རྒྱས་བཏང་བའི་སྐོར་གྱི་མཐོང་ཐོས།

འདི་ནི་དགའ་བདེ་ཀུང་སིའི་མིས་ཐབས་རྩྭ་འདེབས་རྟེན་གཞིའི་ཟུར་ཞིག་ཡིན་པ།

མུའུ་ཁྲི་ཡི་རྟེན་གཞིར་རྨོ་འདེབས་གྲ་སྒྲིག་བྱེད་འགོ་ཚུགས། ལས་སྣོན་འཁོར་ཁང་ནས་དྲི་ཞིམ་འོ་དྲི་འཐུལ་འོང་བ་དང་། ཉོ་སྒྲུབ་ས་ཚིགས་སུ་དགའ་བའི་འབོད་སྒྲས་ཁེངས། ཉེ་ཆར། གསར་འགོད་པ་ནག་ཆུ་གྲོང་ཁྱེར་དགའ་བདེ་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིར(གཤམ་དུ“དགའ་བདེ་ཀུང་སི”ཞེས་བསྡུ་རྒྱུ)སྐྱོད་སྐབས“མི་རྣམས་ཀྱིས་ལས་ལ་བརྩོན་ན་དཔྱིད་ཀའི་ཡུལ་ལྗོངས་འཆར་སྔ་ལ། འབད་འཐབ་ཀྱི་དུས་ལ་སླེབས་པའི”རྣམ་པ་མིག་ལམ་དུ་མཐོང་བྱུང་།

2017ལོར་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འབྲེལ་ཡོད་སྲིད་ཇུས་ཀྱི་ལེགས་ཆར་བརྟེན་ནས་ནག་ཆུ་གྲོང་ཁྱེར་གྱི“སྣེ་གཉིས་ལ་དམ་འཛིན་དང་ལྟེ་བར་སྐུལ་འདེད་གཏོང་བའི”འབྲོག་ལས་འཕེལ་རྒྱས་ཀྱི་བསམ་བློ་དང་ཟུང་འབྲེལ་བྱས་ཏེ། “མུའུ་ཁྲི་ཡི་སར་ཕྱུགས་སྟོང་འཚོ་བའི”འཛུགས་སྐྲུན་རྣམ་གྲངས་དམ་འཛིན་བྱ་གཞི་དང་། “ཕྱུགས་སྐྱེལ་ཕྱུགས་སྤྲོད”གཞི་རྟེན། དཀར་ཆུའི་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་རྒྱུ་ཚད་བརྒལ་སར་བྱས་ཏེ། “ཕྱོགས་བརྒྱད་གཞི་གཅིག”གི་འཕེལ་རྒྱས་རྣམ་པ་དང“གཅིག་བཅུ་བརྒྱ་སྟོང་ཁྲིའི”གཉེར་སྐྱོང་བྱེད་སྟངས་གཞིར་བཟུང་། དགའ་བདེ་སྐྱེ་ཁམས་འབྲོག་ལས་ཕྱུགས་ལས་དཔེ་སྟོན་རྟེན་གཞི་བཏོད་པ་དང་། ཁྱད་ཆོས་དང་ལེགས་ཆ་མངོན་གསལ་དོད་པོ་མེད་པའི་འཕེལ་རྒྱས་ཀྱི་དཀའ་གནད་བསལ་ཡོད།

དགའ་བདེ་ཀུང་སི་2017ལོར་བཙུགས་པ་ནས་ད་བར“ཀུང་སིས་ཐོན་སྐྱེད་ལས་སྣོན་དང་། ཐོན་རྫས་ཕྱིར་ཚོང་། སྤུས་རྟགས་གཏོད་པ་བཅས་ཀྱི་འགན་འཁུར་བ་དང་། དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་འོ་མའི་རྟེན་གཞི་གཉེར་སྐྱོང་དང་མང་ཚོགས་ཀྱི་འོ་མ་ཉོ་སྒྲུབ་ཀྱི་འགན་འཁུར་བ། ཆ་རྐྱེན་ཞན་པའི་མང་ཚོགས་ཚོས་ངལ་རྩོལ་ནང་ཞུགས་པ་དང་འོ་མ་བཙོངས་ནས་ཡོང་འབབ་གསོག་པའི”གཉེར་སྐྱོང་ལམ་སྲོལ་བཙུགས་ནས། མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་མུ་མཐུད་རྒྱ་ཆེར་གཏོང་བ་དང་། འབབ་འཕར་རྒྱུན་མཐུད་བརྟན་པོ་ཡོང་བར་རྨང་གཞི་བཟང་པོ་བཏིང་ཡོད། མིག་སྔའི་བར་འབྲོག་པ་མང་ཚོགས་དུད་ཚང་5614ཡི་མི་27986ལ་ཕན་པ་ཐོབ་པར་སྐུལ་ཁྲིད་བྱས་པ་དང་། ཕན་པ་ཐོབ་པའི་མ་དངུལ་སྣ་ཚོགས་སྒོར་ཁྲི་1.1ལྷག་ཙམ་སྤྲད་ཡོད།

“ང་ནི་ཀུང་སིའི་ཁྲིམས་མི་ཡིན། ཀུང་སིའི་ཞིབ་དཔྱད་ཚད་ལེན་བྱེད་མཁན་མང་ཆེ་བ་ནི་དངོས་སྦྱོང་སློབ་གྲྭ་ཆེ་མོ་བ་རེད” གསར་འགོད་པས་ཀུང་སིའི་ཞིབ་དཔྱད་ཚད་ལེན་བྱེད་མཁན་དང་གླེང་མོལ་བྱེད་སྐབས་སྐལ་བཟང་རྒྱལ་མཚན་གོམ་ཞེང་ཆེན་པོས་ང་ཚོ་ཡོད་སར་ཡོང་ནས་རང་ཉིད་ངོ་སྤྲོད་མདོར་བསྡུས་བྱས། “དགའ་བདེ་ཀུང་སི་བཙུགས་པ་ནས་བཟུང་ད་བར་ས་མཐོའི་ཁྱད་ལྡན་འབྲིའི་འོ་མའི་སྤུས་རྟགས་གཏོད་པར་གཞོལ་བ་མ་ཟད། འབྲོག་པ་མང་ཚོགས་ཀྱིས‘འབྲོག་ལས་སྤོང་བ’ནས་རིམ་བཞིན་འབྲོག་ལས་བསྐྱར་དུ་དང་ལེན་བྱེད་པར་སྐུལ་ཁྲིད་དང་། འབྲོག་ལས་འཕེལ་རྒྱས་ཀྱི་འབྲེལ་ཐག་ཟམ་མི་ཆད་པར་མཉམ་འདྲེས། འབབ་འཕར་ཕྱུག་འགྱུར་ཡོང་བ་བཅས་བྱེད་ཀྱི་ཡོད”ཅེས་བཤད་བྱུང་། ཀུང་སིའི་ལས་མི་132ཡོད་པའི་ནང་ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བ་52ཡོད་པ་དང་། སྐལ་བཟང་རྒྱལ་མཚན་ནི་དེའི་གྲས་ཤིག་རེད།

རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་ཡིན་པའི་དགའ་བདེ་ཀུང་སིའི་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དང་། རྩ་འཛུགས་ཀྱིས་མཉམ་སྦྲེལ་འཛུགས་སྐྲུན། ཏང་ཡོན་གྱིས་དཔེ་སྟོན་བཅས་བརྒྱུད། གསེར་རྙེད་ཆུས་ཀྱི་ཤང་དང་གྲོང་རྡལ་12དང་གྲོང་ཚོ་134དང་ཐོན་ལས་མནའ་འབྲེལ་བཙུགས་ནས་ཤང་དང་གྲོང་རྡལ་དུ་རིམ་པ་དང་པོའི་འོ་མའི་ས་ཚིགས་10བཙུགས་པ་དང་། གྲོང་ཚོར་གྲོང་ཚོ་རིམ་པའི་འོ་མའི་མཁོ་འདོན་ས་ཚིགས་100བཙུགས་ཏེ། “ཀྲི་པུའུ་དང་། ཁེ་ལས། འབྲོག་དུད་བཅས་ཟུང་དུ་འབྲེལ་བའི”འཁོར་སྦྲེལ་ཞིག་ཆགས་ཡོད།

ཉེ་བའི་ལོ་ཤས་རིང་གསེར་རྙེད་ཆུས་ཕྱུགས་ལས་ཐོན་ལས་ཀྱི་འཕེལ་རིམ་ཉིན་བཞིན་མགྱོགས་སུ་ཕྱིན་པ་དང་། ཚད་ལྡན་ཅན་གྱི་གསོ་ཚགས་ཀྱང་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་སོང་བ་དང་ཆབས་ཅིག་གཟན་རྩྭ་དཀོན་པ་དང་རྩྭ་ལས་ཀྱི་འདེགས་སྐྱོར་མི་འདང་བའི་གནད་དོན་ཡང་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་གི་ཡོད། འབྲོག་ལས་འཕེལ་རྒྱས་ཀྱི་འཇུར་མིག་ཐག་གཅོད་ཡག་པོ་དང་རང་བྱུང་རྩྭ་ཐང་གི་ཐོན་ཁུངས་ཁོར་ཡུག་སོགས་ཀྱི་གནད་དོན་ཞི་ལྷོད་དུ་གཏོང་བ་དང་། འབྲོག་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ། འབྲོག་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལེགས་སུ་ཏན་ཏིག་གཏོང་བ་བཅས་བྱ་ཆེད། དགའ་བདེ་ཀུང་སིས་མི་ཐབས་རྩྭ་འདེབས་རྣམ་གྲངས་ལག་ལེན་བསྟར་ཞིང་། མི་ཐབས་རྩྭ་འདེབས་རྟེན་གཞིའི་སྤྱིའི་རྒྱ་ཁྱོན་མུའུ་7139ཟིན་པ་དང་། དེ་དག་ཚང་མ་བརྒྱུད་བཤུག་ས་ཆ་ཡིན་པ་རེད། དེར་སོ་མྱུག་དང་། ཡུག་པོ། གཟན་ཆག་ལ་མཁོ་བའི་པད་ཁ། ཉུང་མ། ཞོག་ཁོག་སོགས་ཀྱི་ཕྱུགས་རྩྭ་དང་དཔལ་འབྱོར་ལོ་ཏོག་འདེབས་འཛུགས་བྱེད་ཀྱི་ཡོད།

“སྤུས་རྟགས་ཀྱི་རིན་ཐང་ནི་ཁྲོམ་རའི་འགྲན་རྩོད་ཁྲོད་དུ་ཁེ་ལས་ཀྱི་ལྟེ་བའི་ལེགས་ཆ་ཞིག་ཡིན་པས། ཁེ་ལས་ལ་ཡུན་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཐོན་ཐུབ”སྐལ་བཟང་རྒྱལ་མཚན་གྱིས། དགའ་བདེ་ཀུང་སིས“གསོ་བ་དང་འཚོང་བ། འོ་མ་དང་ཤ”གང་ཞིག་དགོས་མིན་ཐད་བསམ་བློའི་འཁྱེར་སོ་ལེགས་སུ་བཏང་སྟེ། སྔར་ཡོད་ཀྱི“ཀུང་སི་དང་། རྟེན་གཞི། ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས། འབྲོག་དུད”བཅས་ཟུང་དུ་འབྲེལ་བའི་རྨང་གཞིའི་ཐོག་བོད་བྱང་ཐང་གི་འབྲོག་ཁུལ་འཕེལ་རྒྱས་དང་འཚམ་པའི“གཅིག་བཅུ་བརྒྱ་སྟོང་ཁྲིའི”དགའ་བདེའི་གཉེར་སྐྱོང་རྣམ་པ(སྣེ་འདྲེན་ཁེ་ལས་གཅིག་གིས་འོ་མའི་ཡོང་ཁུངས་རྟེན་གཞི་བཅུ་ལ་སྐུལ་ཁྲིད་བྱེད་པ་དང་། འོ་མའི་ཡོང་ཁུངས་རྟེན་གཞི་བཅུ་ཡིས་གྲོང་ཚོ་རིམ་པའི་མཉམ་ལས་ཁང་བརྒྱར་སྐུལ་ཁྲིད་བྱེད་པ། གྲོང་ཚོ་རིམ་པའི་མཉམ་ལས་ཁང་བརྒྱ་ཡིས་འབྲོག་དུད་ཆིག་སྟོང་ལ་སྐུལ་ཁྲིད་བྱེད་པ། འབྲོག་དུད་ཆིག་སྟོང་གིས་འབྲི་གཡག་མགོ་གྲངས་ཁྲིར་སྐུལ་ཁྲིད་བྱེད་པ་བཅས་ལ་ཟེར)འཚོལ་ཞིབ་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

མིག་སྔར་ཀུང་སིས་ཚོང་རྟགས་རིགས་44ཐོ་འགོད་དང་། དྲ་ཐོག་ཁོངས་མིང་རིགས་22 འཛམ་གླིང་ཅི་ཉི་སིའི་ཟིན་ཐོ་1(ས་བབ་མཐོ་ཤོས་ཀྱི་ནོར་གནག་གི་དཀར་ཆུའི་ཐོན་རྫས་ལས་སྣོན་བཟོ་གྲྭ)དང་། འབྲི་གཡག་དང་། འབྲི་འོ་མ། ཕྱུགས་རྩྭ་བཅས་རྣམ་གྲངས་2ལ་སྐྱེ་ལྡན་གྱི་བདེན་དཔང་ར་སྤྲོད་ཐོབ་པ་མ་ཟད། གསེར་རྙེད་ཆུས་ཞིང་འབྲོག་ལས་ཚན་རྩལ་ཞབས་ཞུའི་ས་ཚིགས་ཀྱིས་ཐོ་འགོད་བྱེད་མཁན་ལ“ནག་ཆུའི་འབྲི་གཡག”གི་ས་ཁམས་མཚོན་རྟགས་ཐོ་འགོད་བདེ་བླག་བྱས་ཡོད།

ཉེ་བའི་ལོ་ཤས་རིང་ནག་ཆུ་གྲོང་ཁྱེར་གྱིས་སྣེ་འདྲེན་ཁེ་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། སྣེ་འདྲེན་ཁེ་ལས་དང་། ཞིང་དུད། རྟེན་གཞི་བཅས་ཀྱི་འབྲེལ་བ་བརྟན་དུ་གཏོང་བ་དང་། རིན་གོང་ཁ་གསབ་བྱེད་ཐབས་ཡག་པོ་སྤྱོད་པ། ལག་རྩལ་གྱི་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ། སྣེ་འདྲེན་ཁེ་ལས་དང་འབྲོག་དུད་དབར་ཐོན་སྐྱེད་དང་། མཁོ་འདོན། ཕྱིར་ཚོང་བཅས་ཀྱི་ཁེ་ཕན་མཉམ་གནས་ཀྱི་ལམ་སྲོལ་ཆགས་པ་སོགས་ཀྱི་བྱེད་ཐབས་ལ་གཙོ་གནད་རྒྱབ་སྐྱོར་བྱས་ནས། ཡངས་པའི་བྱང་རྩྭ་ཐང་དུ་ཐོན་ལས་དར་རྒྱས་དང་འབྲོག་པར་འབབ་འཕར་ཡོང་བའི་དགའ་སྐྱིད་ཀྱི་འབྲོག་གླུ་གསར་པ་ཞིག་ལེན་བཞིན་མཆིས།

(རིག་རྡོར་གྱིས་བསྒྱུར། རིག་རྡོར་དང་དབང་སྒྲོན་སྐྱིད་ཀྱིས་ཞུས)