《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月07日

འབྲེལ་ཡོད་སྡེ་ཚན་གྱིས་ཡིག་རྒྱུགས་གལ་ཆེན་རིང་བཟའ་བཅའི་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་5ཉིན་གནས་ཚུལ་འབྱོར་གསལ། 2024ལོའི་མཐོ་རྒྱུགས་དང་། ཁ་གཏད་མཐོ་རིམ་ལས་རིགས་སློབ་གྲྭའི་ཡིག་རྒྱུགས། ཆུང་རྒྱུགས། འབྲིང་རྒྱུགས་བཅས་གཏང་ལ་ཉེ་བས། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མའི་བཟའ་བཅའི་བདེ་འཇགས་ལ་འགན་ལེན་དང་བཟའ་བཅའི་བདེ་འཇགས་ལས་འཛོལ་མ་ཐོན་པ་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“ཡིག་རྒྱུགས་ཆེན་པོ་བཞིའི”རིང་གི་བཟའ་བཅའི་བདེ་འཇགས་དང་འཛད་སྤྱོད་ཐད་དྲན་སྐུལ་བྱས་པ་རེད།

“ཡིག་རྒྱུགས་ཆེན་པོ་བཞིའི”རིང་གི་བཟའ་བཅའི་བདེ་འཇགས་དང་འཛད་སྤྱོད་དྲན་སྐུལ་ནང་ཁྱིམ་དུ་ཟ་འཐུང་བྱེད་པ་དང་། ཕྱི་རུ་ཟ་འཐུང་བྱེད་པ། ཕྱི་ནས་བཟའ་བཅའ་ཉོ་བ། འཚོ་བཅུད་སྡེབ་སྒྲིག མི་སྒེར་གྱི་གཙང་སྦྲ་འཕྲོད་བསྟེན་བཅས་ཕྱོགས་ལྔའི་ཐད་ནས་གསལ་བཤད་ཞིབ་ཕྲ་བྱས་ཡོད། དཔེར་ན་ཁྱིམ་དུ་ཟ་འཐུང་བྱེད་སྐབས་ནད་གཞི་སློང་ཉེན་ཆེ་བའི་བཟའ་བཅའ་ཡག་ཤོས་བྱུང་ན་ཟ་རྒྱུ་མེད་ལ་ཞག་ལུས་བཟའ་བཅའ་ཡང་ཟ་རྒྱུ་མེད་པ་དང་། འཚོ་བཅུད་སྡེབ་སྒྲིག་ཐད་ཚན་རིག་དང་མཐུན་པའི་སྒོ་ནས་བཟའ་བཅའ་ཟ་བ་དང་ལུགས་མཐུན་སྒོ་ནས་སྡེབ་སྒྲིག་བྱེད་དགོས་པ་ལས་ཡིག་རྒྱུགས་གོང་དུ“བཅུད་བཏང་དྲགས”རྒྱུ་མེད་པ། ཞག་ཚི་ཉུང་བ་དང་འཇུ་བདེ་བའི་བཟའ་བཅའ་མང་ཙམ་ཟ་དགོས་པ་དང་། ཞག་ཚི་མང་བའི་བཟའ་བཅའ་དེ་ཙམ་མང་པོ་ཟ་རྒྱུ་མེད་པ། ཟ་མྱོང་མེད་པའི་བཟའ་བཅའ་ཟ་རྒྱུ་མེད་པ། ཡིག་རྒྱུགས་མ་བཏང་གོང་རྨོངས་ཚོད་ཀྱིས་ལུས་ཁམས་བདེ་སྲུང་བཟའ་བཅའ་སོགས“བཅུད་ཟས”ཟ་རྒྱུ་མེད་པ་རེད།

དེ་དང་དུས་མཚུངས་སུ། “ཡིག་རྒྱུགས་ཆེན་པོ་བཞིའི”རིང་གི་བཟའ་བཅའི་བདེ་འཇགས་ལ་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་འབྲེལ་ཡོད་བཟའ་བཅའི་གཉེར་སྐྱོང་བྱ་ཡུལ་ཁག་ལ་ནན་ཏན་ངང་རང་བཤེར་རང་དཔྱད་བྱེད་པ་དང་། རང་འགུལ་ངང་ཁྲིམས་བསྟུན་སྒྲིག་མཐུན་སྒོ་ནས་ཚོང་གཉེར་བྱེད་པ། ཚོང་ཟོག་ཉོ་འདྲེན་བྱེད་སྐབས་དཔྱད་བཤེར་འགག་སྒོ་ཡག་པོ་སྲུང་བ། བཀོལ་སྤྱོད་བྱེད་སྟངས་ལ་ཚད་གཞི་ནན་པོ་བཟོ་བ། ལས་ཀ་བྱེད་མཁན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཉིན་ལྟར་ལས་ཀ་བྱེད་མཁན་ལ་ལས་ཞུགས་གོང་གི་བདེ་ཐང་གནས་ཚུལ་ཞིབ་བཤེར་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་འཛད་སྤྱོད་བྱེད་སྐབས་གལ་སྲིད་བཟའ་བཅར་བདེ་འཇགས་གནད་དོན་ཡོད་པ་ཤེས་ཚེ། ཁྲོམ་ར་ལྟ་འདོམས་སོགས་འབྲེལ་ཡོད་སྡེ་ཚན་ལ་དུས་ཐོག་ཏུ་གནས་ཚུལ་ཞུ་བའམ་ཡང་ན་12315དང་12345ལ་ཁ་པར་བརྒྱབ་ནས་ཐེར་འདོན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

(ཟླ་ཕུར་གྱིས་བསྒྱུར། ལྷག་ཚེས་ཞུས)