འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་4ཉིན་གནས་ཚུལ་འབྱོར་གསལ། ཚེས་4ཉིན། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྤྱིའི་བཀོད་སྒྲིག་གཞིར་བཟུང་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་བགྲོ་གླེང་འཛིན་གྲྭ་གཉེར་ཞིང་། བརྙན་ལམ་སྦྲེལ་མཐུད་ཀྱི་རྣམ་པ་ནས་ཆེད་དོན་ཟུར་ཁྲིད་དང་། གཅིག་སྡུད་སློབ་སྦྱོང་། སྤེལ་རེས་བགྲོ་གླེང་བཅས་བྱས་ཏེ་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ལ་སློབ་སྦྱོང་གཏིང་ཟབ་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
དབང་ཧའེ་ཀྲོའུ་ཡིས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ཚང་མས་ངེས་པར་དུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པ་དེ་འགན་འཁྲི་དང་འོས་འགན་ཞིག་ཏུ་བརྩིས་ནས་སློབ་སྦྱོང་གི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱས་ཏེ་རྒྱུན་མཐུད་ངང་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་ཐད་སྔར་བས་འབད་བརྩོན་བྱེད་པ་དང་། ཏང་གི་གཏན་འབེབས་དང་ཏང་གི་སྒྲིག་ཁྲིམས་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་ཡོ་བསྲང་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་ནང་སེམས་རྒྱུད་ལ་འཇགས་པ་དང་། ཕྱི་ལག་ལེན་དུ་འཁྱོལ་བ། འབྲས་བུ་རུ་འགྱུར་བ་བཅས་བྱེད་དགོས་ཞེས་གསུངས་ཤིང་། ད་དུང་ཁོང་གིས། སྒྲིག་ཁྲིམས་སྦྱོང་བ་སྔོན་དུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས《སྲོལ་ཡིག》སེམས་རྒྱུད་དུ་འཇགས་པར་སྐུལ་འདེད་བཏང་སྟེ་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། དུས་ཐོག་ཏུ་གནད་དོན་ཤེས་རྟོགས་བྱས་ཏེ་སེམས་ནས་གུས་ཤིང་སྐྲག་པ་དང་མཐའ་ཚད་བརྟན་སྲུང་ཐུབ་པར་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དེ་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཏང་གཤིས་བློ་སྦྱོང་མཐོ་རུ་གཏོང་བའི་བརྒྱུད་རིམ་ཞིག་ཏུ་དངོས་འབྲེལ་འགྱུར་བར་བྱེད་དགོས། ཉེན་བརྡའི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཏུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཏང་ཡོན་ལས་བྱེད་པར་ལྟ་སྐུལ་དང་། སློབ་གསོ། དོ་དམ་བཅས་བྱེད་པར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཏང་ཡོན་ལས་བྱེད་པར་སེམས་ལ་ཞེད་ས་ཡོད་པ་དང་། སྐད་ཆར་འཛེམས་ཟོན་ཡོད་པ། སྤྱོད་པར་ཚོད་འཛིན་ཡོད་པ་བཅས་དངོས་འབྲེལ་ཐུབ་པར་སྐུལ་འདེད་གཏོང་དགོས། དམིགས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་ལ་སྐུལ་འདེད་བཏང་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཏང་ཡོན་ལས་བྱེད་པས་འགན་འཁུར་ཕོད་པ་དང་བྱས་རྗེས་ཧུར་ཐག་འཇོག་པར་ཁྲིད་སྟོན་དང་སྐུལ་ལྕག་གཏོང་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་སྐོར་གཟིགས་དག་ཐེར་གྱི་གནད་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ཏེ་ཚད་མཐོའི་འགན་འཁུར་དང་གཟབ་ནན་ཏན་ཏིག་གི་ཆབ་སྲིད་ཀྱི་རྣམ་འགྱུར་ལ་བརྟེན་ནས་སྐོར་གཟིགས་ཀྱི་ཚུར་ལན་གནད་དོན་དག་ཐེར་ལས་དོན་ལ་ལྟ་སྟངས་བཟུང་སྟེ་དག་ཐེར་ལས་འགན་དུས་ཐོག་ཏུ་སྤུས་འབོར་གཉིས་ལྡན་ངང་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
(གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཉི་དོན་གྱིས་ཞུས)