《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月05日

ཉིང་ཁྲི་གྲོང་ཁྱེར་གྱིས་རིག་རྩལ་སྐོར་སྐྱོད་འཁྲབ་སྟོན་གྱི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་6ཚེས་3ཉིན་གློག་འཕྲིན་འབྱོར་གསལ། འདི་ལོའི་ཟླ་5པ་ནས་བཟུང་ཉིང་ཁྲི་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་རིག་གནས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་ནུས་ཤུགས་ཡོད་རྒུས་བཏོད་པའི“བདེ་སྐྱིད་བྱུང་དུས་གུང་ཁྲན་ཏང་མི་བརྗེད། ཉི་འོད་ལམ་བུར་ཕུགས་བསམ་གཤོག་རྩལ་ངོམ”ཞེས་པའི་རིག་རྩལ་སྐོར་སྐྱོད་འཁྲབ་སྟོན་གྱི་སྤུས་རྟགས་ཀྱིས་སྔ་རྗེས་སུ་སྣང་རྫོང་དང་། སྨན་གླིང་གྲོང་ཁྱེར། ཀོང་པོ་རྒྱ་མདའ་རྫོང་། བྲག་ཡིབ་ཆུས་སོགས་སུ“ང་ཚོའི་ཀྲུང་གོའི་ཕུགས་འདུན། ཁྱིམ་ཚང་ཁྲི་སྟོང་མང་པོར་རིག་གནས་ཁྱབ་གདལ་གཏོང”ཞེས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་ཐེངས་24སྤེལ་ནས། གཞི་རིམ་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་བས་བསྐངས་བ་དང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འབུངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་རེད།

སྐོར་སྐྱོད་འཁྲབ་སྟོན་བྱེད་སྒོའི་ཁྲོད་ཉིང་ཁྲི་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་རིག་རྩལ་ཚོགས་པས་རོལ་དབྱངས་དང་། ཞབས་བྲོ། འཁྲབ་ཚན་ཐུང་ངུ་། རོལ་ཆ་དཀྲོལ་གཏོང་སོགས་ཀྱི་རིག་རྩལ་གྱི་རྣམ་པ་སྣ་ཚོགས་པའི་ལེ་ཚན་40ཙམ་ཇུས་འགོད་ཞིབ་ཚགས་བྱས་པ་དང་། འཁྲབ་སྟོན་པ་མི་གྲངས་72ཁག་ཐེངས་2ལ་བགོས་ནས་ཉིན་17ཙམ་ནང་བཅའ་སྡོད་དཔུང་སྡེ་དང་། ཐག་རིང་ལུང་ཁུག་གི་གྲོང་ཚོ(གྲོང་ལྷན) སློབ་གྲྭ དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱེད་ས་སོགས་སུ་བསྐྱོད་དེ། རྒྱ་ཆེའི་དཔོན་དམག་དང་། ལས་བྱེད་མང་ཚོགས། སློབ་གྲྭར་ཡོད་པའི་དགེ་སློབ་བཅས་ལ་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་མ་ཟད། སྐོར་སྐྱོད་འཁྲབ་སྟོན་བྱེད་རིང“རིག་རྩལ་དང་ཤེས་བྱའི་དྲི་བ་དྲིས་ལན”སོགས་བྱེད་སྟངས་བརྒྱུད་ཏང་གི་རིགས་པའི་གཞུང་ལུགས་ཀྱི་དགོངས་དོན་དང་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་ནས། ཉིང་ཁྲིའི་གྲོང་གསེབ་དར་རྒྱས་དང་། སྐྱེ་ཁམས་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ། དམག་བཀུར་དམངས་གཅེས། རིག་གནས་མཐའ་སྐྱོང་སོགས་ཕྱོགས་ཁག་ལ་ཐོབ་པའི་གྲུབ་འབྲས་བསྟན་ནས་ཏང་གཅེས་རྒྱལ་གཅེས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་བཟུང་བ་རེད།

(བསྟན་བཟང་གིས་བསྒྱུར། དམ་ཆོས་ཀྱིས་ཞུས)