《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月04日

ཆབ་མདོ་གྲོང་ཁྱེར་གྱིས།

སྤྱོད་ཚུལ་ཡོ་བསྲང་དང་རུལ་སུངས་འགོག་པའི་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ནས་སྒྲིག་འགལ་གྱི་འདུ་འཛོམས་བཟའ་བཏུང་གི་སྤྱོད་ཚུལ་ལ་རྡུང་རྡེག་ནན་པོ་བཏང་བ།

སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོགས་ཚོགས་ཐེངས་བཞི་པའི་བླང་བྱ་ལྟར། ཆབ་མདོ་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཆབ་སྲིད་ཀྱི་ལྟ་སྐུལ་མངོན་གསལ་དོད་པོ་ཡོང་བ་དང་རྒྱུན་གཏན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་འབྲེལ་ཡོད་རྫོང(ཆུས)ཨུད་ཀྱིས་བྱེད་པོའི་འགན་འཁྲི་ལག་ལེན་ནན་པོ་བསྟར་ཏེ་སྒྲིག་འགལ་གྱི་བཟའ་བཏུང་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱས་པ་དང་། གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་དང་གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ས་གནས་ཀྱི་ཆབ་སྲིད་ཁོར་ཡུག་དྭངས་གཙང་ཡོང་བར་བྱས་ཡོད།

སྒྲིག་འགལ་གྱི་འདུ་འཛོམས་ཆང་འཐུང་བྱེད་སྤྱོད་སྐོར་ཞིབ་ཚོགས་ཆུང་གིས་རང་སར་རྩད་ཞིབ་ཐུབ་ནས་ཏང་ཡོན་ལས་བྱེད་པ་མང་པོར་ཆད་པ་ནན་པོ་བཅད་པ།

ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཨུད་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས“སྤྱོད་ཚུལ་ལེགས་སྒྱུར”དེ་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་ལས་དོན་ལྔའི་གྲས་སུ་བརྩིས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི“མི་བྱེད་པ་ལྔའི”ཆེད་དོན་བཅོས་སྒྲིག་དང་བསྡུར་བ་དང་། “བཅོས་སྐྱོང་དྲུག་དང་མཐོར་གཏོང་དྲུག”གི་ལས་ཀའི་བླང་བྱ་བཏོན་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་དང་ཏན་ཏིག་བཏང་ཡོད། འོན་ཀྱང་ཏང་ཡོན་ལས་བྱེད་པ་འགས་ཚོགས་འདུའི་སྒྲིག་ཁྲིམས་དང་། ལས་ཀའི་སྒྲིག་ཁྲིམས། སྤྱོད་ཚུལ་གྱི་བླང་བྱ་དང་དེ་བཞིན་འབྲེལ་ཡོད་གཏན་འབེབས་སྣང་མེད་དུ་བཏང་སྟེ་ཡ་མེད་སྒྲིག་འགལ་གྱིས་འདུ་འཛོམས་ཆང་འཐུང་བྱས་པར་ཆད་པ་ནན་པོ་བཅད་པ་རེད།

2023ལོའི་ཟླ་བཞི་པའི་ཟླ་འགོར། ཆབ་མདོ་གྲོང་ཁྱེར་གྱི་རྫོང་ཞིག་གིས་ཚོགས་འདུ་གཉིས་འཚོག་རིང་། སྐབས་བཅུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྫོང་དེའི་རྫོང་ཨུད་ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱེད་པ་དང་སྐབས་འཁེལ་ཞིང་། ནང་དོན་གཙོ་བོའི་གྲས་སུ་རྫོང་དེས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཚུལ་དང་། ཏང་ཡོན་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་དང་ཏན་ཏིག་ངང་དོན་འཁྱོལ་ནན་པོ་བྱས་ཚུལ་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་མོད། ཡིན་ནའང་དུས་ཡུན་རིང་པོ་མ་སོང་བར་རྫོང་དེའི་ཚོགས་འདུ་གཉིས་ལ་ཞུགས་མ་ཐག་པའི་འབྲེལ་ཡོད་ཏང་ཡོན་ལས་བྱེད་པ་དང་ཏང་ཡོན་ལས་བྱེད་པ་གཞན་དག་ཁྱོན་མི་20ལྷག་ཙམ་གྱིས་ཁག་སོ་སོར་སྒྲིག་འཛུགས་སམ་ཡང་ན་སྒྲིག་འགལ་ངང་འདུ་འཛོམས་ཆང་འཐུང་བྱས་ཡོད་པས་རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་ཚོགས་ཆུང་གིས་རང་སར་ཞིབ་བཤེར་ཐུབ་ནས་འཕྲལ་མར་གནད་དོན་གྱི་ཁུངས་སྣེ་ཆབ་མདོ་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།

སྤྱོད་ཚུལ་དང་རུལ་སུངས་ལ་མཉམ་དུ་ཞིབ་བཤེར་དང་བཅོས་སྒྲིག་མཐའ་འཁྱོངས་བྱས་ནས་སྤྱོད་ཚུལ་དང་རུལ་སུངས་ཀྱི་མཉམ་འདྲེས་ཁེ་ཕན་འབྲེལ་ཐག་མཐའ་གཅིག་ཏུ་བཅད་པ།

ཆབ་མདོ་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། ཆབ་མདོ་གྲོང་ཁྱེར་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རྫོང་ཞིག་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྒྲིག་འགལ་འདུ་འཛོམས་ཆང་བཏུང་བྱས་པའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་བྱེད་སྐབས། སྤྱོད་ཚུལ་དང་རུལ་སུངས་ལ་མཉམ་དུ་ཞིབ་བཤེར་དང་བཅོས་སྒྲིག་མཐའ་འཁྱོངས་བྱས་ནས་སྤྱོད་ཚུལ་དང་རུལ་སུངས་ཀྱི་འབྱུང་རྩ་གཅིག་པ་ཡིན་པ་དང་། སྤྱོད་ཚུལ་ནས་རུལ་སུངས་ལ་འགྱུར་བ། སྤྱོད་ཚུལ་དང་རུལ་སུངས་གཞི་གཅིག་ཅན་བཅས་ཀྱི་ཁྱད་ཆོས་འཕྱུགས་པ་མེད་པར་ཁོང་དུ་ཆུད་པར་བྱས་ཏེ། ཞིབ་ཕྲའི་མི་དང་བྱ་བ་ནས་འགོ་བརྩམས་ནས་སྒྲིག་འགལ་ངང་བཟའ་བཏུང་གི་བྱ་སྤྱོད་རྒྱབ་ཏུ་ཁེ་ཕན་དོན་གཉེར་དང་། བྱ་བ་སྒྲུབ་རོགས་ཞུ་བ། “ཚོགས་པ་ཆུང་ངུ”འཛུགས་པ་སོགས་ཀྱི་གནད་དོན་ཡོད་མེད་སྔོག་འདོན་བྱས་ནས་སྤྱོད་ཚུལ་དང་རུལ་སུངས་མཉམ་འདྲེས་ཀྱི་ཁེ་ཕན་འབྲེལ་ཐག་མཐའ་གཅིག་ཏུ་བཅད་ཡོད།

གྱོད་གཞི་དེའི་མཐུན་ཆ་དང་། གཏིང་རིང་གི་གནད་དོན། རུལ་སུངས་ཀྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་རིང་ཐོན་པའི་སྤྱོད་ཚུལ་གྱི་གནད་དོན་བཅས་ལ་དམིགས་ནས་ཆབ་མདོ་གྲོང་ཨུད་ཀྱིས་སྤྱོད་ཚུལ་ཡོ་བསྲང་དང་རུལ་སུངས་འགོག་པའི“དོན་གནད་བཞིའི”ཆེད་དོན་བཅོས་སྒྲིག་ལས་དོན་གྱི་ཇུས་གཞི་དུས་ཐོག་ཏུ་བཀྲམ་སྟེ་སྒྲིག་འགལ་ངང་བཟའ་བཏུང་དང་། ཆང་རག་བཏུངས་ནས་རླངས་འཁོར་གཏོང་བ། ར་བཟི་ནས་རླངས་འཁོར་གཏོང་བ། རྒྱན་པོ་འགྱེད་པ། ལག་རྟགས་ཡོད་པའི་རོལ་རྩེད་རྩེ་བ་སོགས་ཀྱི་གནད་དོན་གཙོ་གནད་དུ་བཅོས་སྒྲིག་བྱས་པ་རེད།

ཆབ་མདོ་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས། ཆེད་དོན་བཅོས་སྒྲིག་བྱས་ཚུན། རིམ་རྩིས་བྱས་ན་གྲོང་ཁྱེར་ཡོངས་སུ་སྒྲིག་འགལ་ངང་བཟའ་བཏུང་སོགས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་10ལ་ཞིབ་བཤེར་བྱས་པ་དང་། མི་18ལ་སྐྱོན་བརྗོད་སློབ་གསོ་བཏང་ནས་ཐག་གཅོད་བྱས་པའི་ཁྲོད་མི་7ལ་ཏང་སྒྲིག་སྲིད་དོན་གྱི་ཆད་པ་བཅད་ཡོད།

རྒྱུན་འཁོར་ཧྲིལ་པོའི་དོ་དམ་བྱེད་སྟངས་སྤྱད་དེ་སྒྲིག་འགལ་ངང་བཟའ་བཏུང་ལ་རོལ་བའི་ཚུལ་མིན་སྤྱོད་ཚུལ་ཐོན་ས་དང་ཆ་རྐྱེན་མཐའ་གཅིག་ཏུ་མེད་པར་བཟོས་པ།

“བརྟག་དཔྱད་བྱས་པ་བརྒྱུད། 2021ལོའི་ཟླ་དང་པོ་ནས་2022ལོའི་ཟླ་བཅུ་གཉིས་པའི་བར། ཉི་ཆེ་གེ་མོས་ཁ་རུབ་ཆུས་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཚོགས་གཙོའི་འགན་འཁུར་རིང་། སྒྲིག་འགལ་ངང་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་གྱོན་ཆས་དང་འཁྲབ་ཆས་བོགས་མར་བཏང་བའི་དངུལ་སྒོར་5900བླངས་པ་དག་སྒྱུ་རྩལ་ཚོགས་པ་གཤམ་སྐྱོད་འཁྲབ་སྟོན་དང་ལེ་ཚན་ཕབ་བཟོ་བྱེད་སྐབས་ཁ་ལག་སོགས་ཀྱི་འགྲོ་གྲོན་ལ་བཏང་བ་མ་ཟད། སྒྲིག་འགལ་གྱི་གནད་དོན་གཞན་དག་ཀྱང་ཡོད་པར་བརྟེན། མཐར་ཉི་ཆེ་གེ་མོར་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་ཕོག་པ་དང་སྒྲིག་འགལ་གྱི་དངུལ་གཞུང་བཞེས་བཏང་བ་རེད” 2024ལོའི་ཟླ་4ཚེས་29ཉིན་ཆབ་མདོའི་སྒྲིག་བཤེར་ལྟ་ཞིབ་དྲ་བའི་ཐོག་ཁ་རུབ་ཆུས་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་ཉི་ཆེ་གེ་མོ་སོགས་ཀྱིས་སྒྲིག་འགལ་ངང་གཞུང་དངུལ་སྤྱད་ནས་ཁ་ལག་བཟས་པ་སོགས་ཀྱི་གནད་དོན་བརྡ་ཁྱབ་བཏང་ཞིང་། གྱོད་གཞི་དེ་ཞིབ་བཤེར་ཐག་གཅོད་བྱེད་དུས་ཆེད་དོན་བཅོས་སྒྲིག་བྱེད་སྒང་ཡིན་པས། ཞིབ་བཤེར་ཐག་གཅོད་མྱུར་ཞིང་ནན་ལ་ལྕི་བ་བྱུང་བ་དང་། ཡོངས་བསྒྲགས་བརྡ་ཁྱབ་གཏོང་དུས་ཆེད་དོན་བཅོས་སྒྲིག་བྱས་རྗེས་སུ་ཡིན་པས། གྲོང་ཁྱེར་དེས“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་མཚམས་མི་འཇོག་པ་དང་ལྷོད་གཡེང་དུ་མི་གཏོང་བའི་བརྡ་རྟགས་དྲག་པོ་ཞིག་བསྟན་ཡོད།

སྤྱོད་ཚུལ་འཛུགས་སྐྱོང་ནི་ཆ་ལག་ཚང་བའི་འདུ་འགོད་ཅིག་ཡིན་པས། དུས་ད་ལྟ་བ་ལས་ནམ་ཡང་ཚར་དུས་མེད། ཆེད་དོན་བཅོས་སྒྲིག་བྱེད་རིང་། ཆབ་མདོ་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་འབྲེལ་ཡོད་གནད་དོན་ཐོན་མང་བ་དང་ཡང་སེ་ཐོན་པའི་ཚན་པར“གྱོད་གཞི་གཅིག་ལ་ཞིབ་བཤེར་གཉིས”བྱ་རྒྱུ་ལག་ལེན་བསྟར་བ་དེས། དོ་བདག་གི་ཐད་ཀའི་འགན་འཁྲི་བདའ་འདེད་བཏང་ཡོད་ལ་འབྲེལ་ཡོད་ཏང་རྩ་འཛུགས་ཀྱི་བྱེད་པོའི་འགན་འཁྲི་དང་འགོ་ཁྲིད་ལས་བྱེད་པའི་འགོ་ཁྲིད་ཀྱི་འགན་འཁྲིའང་བདའ་འདེད་བཏང་ཡོད། དོ་དམ་ལྟ་སྐུལ་ནན་པོ་དང་འགན་འཁྲི་འཁུར་ཕོད་པར་ལྕག་སྐུལ་གཏོང་བ་དེ་ཚད་མཐོའི་གཅིག་གྱུར་ཡོང་བར་བརྩིས་ནས་ཆེད་དོན་བཅོས་སྒྲིག་བྱས་རྗེས། ཆབ་མདོ་གྲོང་ཁྱེར་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཐག་གཅོད་ཀྱི་ཆད་པ་ཕོག་པའི་ཏང་ཡོན་ལས་བྱེད་པར་དུས་ཐོག་ཏུ་སེམས་གསོ་གཏོང་བའི་འཚམས་འདྲི་བྱས་པ་དང་བསམ་བློའི་དོགས་གཞི་བསལ་ཏེ་ལས་ཀར་ཞུགས་པ་དང་འགན་འཁྲི་འཁུར་ཕོད་པ་བྱ་རྒྱུར་ལྕག་སྐུལ་ཡང་བྱས་པ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)