འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་1ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། “གྲངས་འཛིན་བོད་ལྗོངས། འབྱུང་འགྱུར་རིག་ནུས་མཉམ་སྤྱོད་བྱེད་པའི”བརྗོད་དོན་གཙོ་བོའི་2024ལོའི་གྲངས་འཛིན་བོད་ལྗོངས་ཀྱི་ཐོན་ལས་དངོས་མང་སྟོན་ཚོགས་སྐབས་དང་པོ་ལྷ་སར་གཉེར་བ་རེད།
དངོས་མང་སྟོན་ཚོགས་ནི་བོད་རང་སྐྱོང་ལྗོངས་གྲངས་འཛིན་ཆ་འཕྲིན་ལས་རིགས་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་དེའི་དམིགས་ཡུལ་ནི་རང་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། དྲ་རྒྱའི་ལས་སྟེགས་དང་གྲངས་འཛིན་ཅན་དང་ཆ་འཕྲིན་ཅན་མཉམ་འདྲེས་བཀོལ་སྤྱོད་བྱེད་མགྱོགས་སུ་གཏོང་བ། འཛུགས་སྤྱོད་གལ་ཆེ་མཉམ་འཛིན་དང་བེད་སྤྱོད་ལ་བརྟེན་ནས་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་འཁོར་རྒྱུག་བཟང་པོ་ཆགས་པར་བྱེད་པ། གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། བོད་ཀྱིས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་གྲངས་འཛིན་ཆ་འཕྲིན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད། དངོས་མང་སྟོན་ཚོགས་ཐོག་གྲངས་འཛིན་ཐོན་རྫས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་ཁུལ་བཙུགས་ནས་ལྗོངས་ཕྱི་ནང་གི་གྲངས་འཛིན་ལས་རིགས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པ་40ལྷག་ཙམ་འགྲེམས་སྟོན་ནང་ཞུགས་རྒྱུར་གདན་དྲངས་ཡོད། གློག་འཕྲིན་གཉེར་སྐྱོང་ཚོང་པ་དང་། ཆ་འཕྲིན་ཅན་འཛུགས་སྐྱོང་། གྲངས་འཛིན་ལག་རྩལ། དྲ་རྒྱའི་ཆ་འཕྲིན་བདེ་འཇགས་སོགས་ཁྱབ་ཁོངས་ཚུད་ཡོད།