《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月02日

ཞི་ཅིན་ཕིང་གིས་པ་རེན་གྱི་རྒྱལ་པོ་ཧ་མཱ་ཏེ་དང་གྲོས་མོལ་གནང་བ།

ཟླ་5ཚེས་31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཅུ་པའི་འགོ་ཚུགས་མཛད་སྒོར་ཞུགས་མཁན་པ་རེན་གྱི་རྒྱལ་པོ་ཧ་མཱ་ཏེ་དང་གྲོས་མོལ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་དང་ཧ་མཱ་ཏེ་ཕྱག་གཏོང་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཅུ་པའི་འགོ་ཚུགས་མཛད་སྒོར་ཞུགས་མཁན་པ་རེན་གྱི་རྒྱལ་པོ་ཧ་མཱ་ཏེ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་པ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

ཞི་ཅིན་ཕིང་གིས། པ་རེན་ནི་མཚོ་ཁུག་ས་ཁུལ་གྱི་ཀྲུང་གོའི་གྲོགས་པོ་ཡག་པོ་དང་རོགས་ཟླ་ཡག་པོ་ཞིག་རེད། རྒྱལ་ཁབ་གཉིས་པོའི་རྒྱལ་བབ་མི་འདྲ་ཡང་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་ཀྱིས་ལྟ་སྟངས་འཛིན་པ་དང་མཛའ་མཐུན་མཉམ་གནས་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། ང་ཚོས་ཐུན་མོང་ཐོག་སྣེ་ཁྲིད་བྱས་པར་བརྟེན་ཀྲུང་པའི་འབྲེལ་བ་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་ཡོད། འདི་ལོ་ནི་ཀྲུང་པའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་35འཁོར་བའི་ལོ་ཞིག་ཡིན་པ་དང་ཕྱོགས་གཉིས་པོས་ཀྲུང་པའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་པ་སྤོར་རྒྱུའི་ཐད་མོས་མཐུན་མགྲིན་གཅིག་ཏུ་བྱས་པ་དེ་ནི་ཀྲུང་པའི་འབྲེལ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གསར་པ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་པ་རེན་ཕྱོགས་དང་མཉམ་དུ་ཀྲུང་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ཡག་པོ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

ཞི་ཅིན་ཕིང་གིས། པ་རེན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། བརྟན་ལྷིང་བཅས་ལ་སྲུང་སྐྱོང་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་དང་། པ་རེན་ཕྱོགས་རང་བཙན་རང་བདག་གི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་པར་རྒྱབ་སྐྱོར། པ་རེན་གྱི“2030ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རེ་འདོད”དང་སྣ་མང་ཅན་གྱི་འཕེལ་རྒྱས་འཐབ་ཇུས་ལ་རྒྱབ་སྐྱོར་བཅས་མཐའ་གཅིག་ཏུ་བྱེད་རྒྱུ་དང་པ་རེན་ཕྱོགས་དང་ནུས་རྒྱུ་དང་། མ་འཇོག འགྲིམ་འགྲུལ། ནུས་རྒྱུ་གསར་པ། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་སྐྲུན་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་མི་ཆོས་རིག་གནས་སྤེལ་རེས་དང་མི་སྣ་འགྲོ་འོང་དམ་ཟབ་བྱས་ཏེ་ཀྲུང་པའི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་མུ་མཐུད་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ལམ་ལུགས་མི་འདྲ་བ་དང་ཤེས་དཔལ་མི་འདྲ་བའི་རྒྱལ་ཁབ་དབར་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས་ཡོང་བའི་འདོད་ཚུལ་འཛིན་ནས་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་དབར་མཐུན་སྒྲིལ་མཉམ་ལས་ཟབ་ཏུ་གཏོང་བ་དང་། ཞི་བདེ་དང་མཐུན་འགྲིག་ཡོང་བར་བྱེད་པ། འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། པ་རེན་ཚུད་པའི་ས་ཁུལ་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོ་དང་མཚོ་ཁུག་མཉམ་ལས་ཨུ་ལྷན་གྱི་རྒྱལ་ཁབ་དབར་གྱི་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་སྐབས་གཉིས་པ་ཡག་པོ་གཉེར་བ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་མགྱོགས་མྱུར་གཏོང་འདོད་ཡོད། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལས་སྟེགས་ཀྱིས་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱོགས་མང་རིང་ལུགས་དངོས་ལག་ལེན་བསྟར་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱ་ཆེའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཧ་མཱ་ཏེས་གསུངས་དོན། ཀྲུང་གོ་ནི་རྒྱལ་ཁབ་རླབས་པོ་ཆེ་ཞིག་ཡིན་པས་པ་རེན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་པ་རེན་ཕྱོགས་ཀྱིས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། པ་རེན་ཕྱོགས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་གོ་སྐབས་སུ་བྱས་ནས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བྱེད་པ་དང་ཁྱབ་ཁོངས་ཁག་དབར་དངོས་སྒྲུབ་མཉམ་ལས་དམ་ཟབ་བྱས་ཏེ་པ་རེན་གྱི་སྣེ་མང་ཅན་གྱི་འཕེལ་རྒྱས་མངོན་འགྱུར་ཡོང་བར་རམ་འདེགས་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱུན་འཁྱོངས་བྱས་པའི་བླ་ན་མེད་པའི་རིན་ཐང་གི་འདུ་ཤེས་དང་རྗེས་དཔག་བློ་རིག་གི་སྲིད་ཇུས་འདོད་ཚུལ་ལ་པ་རེན་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་པ་དང་འབྲེལ་རྦད་དེ་མོས་མཐུན་ཡང་བྱེད་ཀྱི་ཡོད། ཀྲུང་གོ་འཕེལ་རྒྱས་ཡག་པོ་བྱུང་ཚེ་གཞི་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་འཕེལ་རྒྱས་ཡག་པོ་འགྲོ་ཐུབ་པ་དང་། འཛམ་གླིང་སྣེ་མང་ཅན་གྱི་འཕེལ་རིམ་ལ་རྒྱུན་མཐུད་སྐུལ་འདེད་གཏོང་ཐུབ། ཀྲུང་གོར་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ངེས་ཡིན་པ་མ་ཟད། འཛམ་གླིང་ཞི་བདེ་དར་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་ངེས་ཡིན་པར་པ་རེན་ཕྱོགས་ཀྱིས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། པ་རེན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས་ཀྲུང་གོ་ཞི་བས་གཅིག་གྱུར་ཡོང་བར་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཀྲུང་གོ་ཕྱོགས་དང་ཕྱོགས་མང་མཉམ་ལས་དམ་ཟབ་བྱས་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་འདྲ་མཉམ་གྱི་འཚོ་གནས་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོང་བར་འགན་ལེན་དེ་བས་ལེགས་པར་བྱེད་འདོད་ཡོད། པ་རེན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཚོ་ཁུག་མཉམ་ལས་ཨུ་ལྷན་དང་ཀྲུང་གོའི་རང་མོས་ཚོང་དོན་གྲོས་མཐུན་སྔ་ཙམ་འཇོག་རྒྱུར་སྐུལ་འདེད་གཏོང་བ་དང་། ཨ་ཀྲུང་མཛའ་གྲོགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་དུས་རབས་གསར་པར་ཕྱོགས་པའི་ཨ་ཀྲུང་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་འདོད་ཡོད་ཅེས་གསུངས་པ་རེད།

ཧ་མཱ་ཏེས་ཉེ་དུས་ཀྱི་ཨ་རབ་མནའ་འབྲེལ་གྱི་འགོ་གཙོའི་ཚོགས་འདུ་སྐབས་སོ་གསུམ་པའི་གནས་ཚུལ་དང་ལྷག་པར་དུ་ཕ་ལེ་སི་ཐན་གྱི་གནད་དོན་ཐད་འཛིན་པའི་ཨ་རབ་རྒྱལ་ཁབ་ཀྱི་ལངས་ཕྱོགས་དང་དེ་བཞིན་ཅ་ཧྲའི་གདོང་ཐུག་གང་མགྱོགས་མཇུག་འགྲིལ་རྒྱུར་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱས་པ་བརྡ་ཁྱབ་བཏང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་དྲང་བདེན་གྱི་ལངས་ཕྱོགས་མཐའ་འཁྱོངས་བྱས་པར་བསྔགས་བརྗོད་བྱ་རྒྱུ་དང་འབྲེལ་ཐུགས་རྗེ་ཆེའང་ཞུ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་རེ་སྒུག་ཀྱང་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཕ་ལེ་སི་ཐན་གྱི་གནད་དོན་ཐད་ཀྲུང་པ་ཕྱོགས་གཉིས་པོའི་ལངས་ཕྱོགས་གཅིག་མཐུན་ཡིན། ཨ་རབ་མནའ་འབྲེལ་གྱི་འགོ་གཙོའི་ཚོགས་འདུའི་ཐོག་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐད་ཨ་རབ་རྒྱལ་ཁབ་ཀྱི་ཐུན་མོང་གི་རེ་འབོད་ལ་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་དང་པ་རེན་དང་ཨ་རབ་རྒྱལ་ཁབ་གཞན་དག་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕ་ལེ་སི་ཐན་གྱི་གནད་དོན་ཕྱོགས་ཡོངས་དང་། དྲང་གཞག ཡུན་རིང་བཅས་ཀྱི་སྒོ་ནས་སྔ་ཙམ་ཐག་གཅོད་ཐུབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མ་འཇོག་དང་། ལྗང་མདོག་ཐཱན་ཉུང་། དྲ་ཐོག་ཚོང་དོན། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་འགོད་པར་ལྷན་དུ་དཔང་པོ་གནང་བ་རེད།

ཕྱོགས་གཉིས་པོས《ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་པ་རེན་རྒྱལ་པོའི་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།

གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཐང་ཆེན་དུ་ཧ་མཱ་ཏེར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།

ཧ་མཱ་ཏེ་དེ་གར་འབྱོར་སྐབས་གུས་དམག་གིས་གྲལ་འགྲིག་པོས་གུས་འདུད་ཞུས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་སྐབས་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་པ་རེན་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་ཞིང་། གནམ་བདེ་སྒོ་མོའི་ཐང་ཆེན་ནས་རྟེན་འབྲེལ་མེ་སྒྱོགས་21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཧ་མཱ་ཏེས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དམག་རིགས་རྣམ་འབྱེད་རུ་སྟར་ལའང་གཟིགས་པ་རེད།

དེ་ཉིན་དགོང་མོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཧ་མཱ་ཏེར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།

(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)