《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月01日

༄༅། །དུས་རབས་གསར་པའི་བྱིས་པ་སྐྱིད།

སྤེན་ཚེ་གཞོན་པ།

བཀྲ་ཤིས་བྱིས་པའི་དགའ་སྟོན་ཚེས་པའི་དུས། །

བཀྲ་ཤིས་གནམ་འོག་བྱིས་པ་ཡོད་དོ་ཅོག །

བཀྲ་ཤིས་ནད་མེད་ཚེ་ཐག་རིང་བ་དང་། །

བཀྲ་ཤིས་དགའ་བདེའི་དཔལ་ལ་རོལ་གྱུར་ཅིག །

ཨ་མའི་པང་དུ་འཚོ་བའི་གཅེས་ཕྲུག་ཚོ། །

ཨ་མའི་ནུ་ཞོའི་རོ་བཅུད་མྱོང་བཞིན་དུ། །

ཨ་མའི་བྱམས་བརྩེའི་སྤྱན་གྱི་གཉོར་སྐྱོང་དང་། །

ཨ་མའི་གཉིད་གླུའི་ཁྲོད་དུ་བདེ་བར་རོལ། །

ཀ་བ་གདུང་ལྕམ་མེད་པའི་སློབ་ཁང་དུ། །

ཀ་ཁའི་དབྱངས་རྟ་ངག་ནས་གྱེར་བཞིན་དུ། །

ཀ་བ་གསེར་གྱི་བཤེས་གཉེན་བསྟེན་བཞིན་དུ། །

ཀ་ཕྲེང་སུམ་ཅུའི་འཇུག་པར་རོལ་འདི་སྐྱིད། །

སྐབས་སྐབས་སློབ་གསེང་དུས་ཚོད་ཐུང་ཐུང་ནང་། །

རང་རང་དགའ་བའི་རྩེད་མོ་སྣ་ཚོགས་ལ། །

ཡང་ཡང་རོལ་བའི་ངང་ཚུལ་དེ་དག་ལས། །

ཆུང་ཆུང་བྱིས་པའི་འཚོ་བར་ཡིད་སྨོན་ཤོར། །

གཅིག་གཅིག་མིན་པའི་རིག་རྩལ་བྱེད་སྒོ་སྟེ། །

སྙན་སྙན་གླུ་དབྱངས་ཞབས་བྲོའི་འགྲན་བསྡུར་གྱིས། །

མང་མང་སྐྱེ་བོའི་མིག་ཡིད་དགའ་སྟོན་དུ། །

ཡང་ཡང་བཤམས་པའི་ལོ་ཆུང་བྱིས་པ་འཇོན། །

ངར་ངར་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་དང། །

རིལ་རིལ་རྐང་རྩེད་སྤོ་ལོའི་འགྲན་ར་རུ། །

རང་རང་རྩལ་ནུས་ངོམ་པའི་བྱིས་པ་ཚོས། །

བདེ་བདེ་ཐང་ཐང་ལུས་ཕུང་སྲུང་འདི་སྐྱིད། །

སྐབས་སྐབས་སྙན་ངག་གྱེར་ཀློག་འགྲན་བསྡུར་དང་། །

ལེགས་ལེགས་ཞེ་ཚིག་དག་ཡིག་བློ་འཛིན་དང་། །

མཛེས་མཛེས་རི་མོ་རྩོམ་ཡིག་འགྲན་བསྡུར་སོགས། །

ཁྱད་ཁྱད་རིག་པའི་རྩལ་ལག་ངོམ་འདི་མཚར། །

སྐྱིད་སྐྱིད་དུས་རབས་གསར་པའི་ལོ་ཆུང་ཚོ། །

བསིལ་བསིལ་ཏང་སྲིད་གདུགས་ཀྱི་གྲིབ་བསིལ་འོག །

སྐྱིད་སྐྱིད་འཚོ་བས་ཤེས་རིག་གཟུགས་པོ་སོགས། །

ཕྱོགས་ཕྱོགས་ཀུན་འཛོམས་ཡོང་འདི་ཨེ་མ་རྨད། །

མཛེས་མཛེས་བྱིས་པའི་འཚོ་བ་འཇའ་རིས་འདྲ། །

རིག་རིག་མིག་གི་ལྟད་མོར་ལྷགས་པའི་ཚེ། །

སླར་སླར་བྱིས་པའི་དུས་སུ་ལོག་འདོད་ཀྱི། །

ཆུང་ཆུང་སེམས་ཀྱི་རྟ་རྒོད་གང་སར་རྒྱུག །

གཅེས་ཕྲུག་ཚང་མ་གསར་བཞད་མེ་ཏོག་ཡིན། །

ཆུ་ལུད་དྲོད་ཀྱིས་གཉོར་དགོས་ཕ་མ་ཚོ། །

གཅེས་ཕྲུག་ཀུན་པོ་མ་འོངས་རེ་བ་ཡིན། །

རེ་བའི་ཕུགས་འདུན་མ་བསྐྱུར་བློ་ལྡན་ཚོ། །

བཀྲ་ཤིས་པི་ཝང་སྒྲ་སྙན་རོལ་མོ་ཡིས། །

བདེ་ལེགས་གཞས་དང་ཞབས་བྲོའི་མཆོད་པ་འབུལ། །

ཕུན་ཚོགས་རོ་བརྒྱའི་ཞལ་ཏོག་སྣ་ཚོགས་ཀྱིས། །

བྱིས་པའི་དུས་ཆེན་གང་འདིར་མཐུན་རྐྱེན་སྐྲུན། །