《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月01日

༄༅། །ན་ཆུང་བྱིས་པ།

འཇོ་མདའ་པདྨ།

བྱིས་པ་ཕ་མའི་སྙིང་གི་ནོར་བུ་ཡིན། །

བྱིས་པ་དགེ་རྒན་དམ་པའི་རེ་བ་ཡིན། །

བྱིས་པ་སྐད་ཡིག་གཉིས་ཀྱི་བདག་པོ་ཡིན། །

བྱིས་པ་མི་རིགས་བྱིངས་ཀྱི་བླ་སྲོག་ཡིན། །

བྱིས་པས་ཕ་མས་ཅི་གསུང་དང་དུ་ལེན། །

བྱིས་པས་རྒན་གྱིས་གང་གདམས་ཡིད་དུ་ཉར། །

བྱིས་པས་ཤེས་བྱའི་གནས་ལ་རབ་ཏུ་འབད། །

བྱིས་པའི་ཡོན་ཏན་སྨྲ་བསམ་བརྗོད་ལས་འདས། །

བྱིས་པའི་སེམས་ལ་ཆགས་སྡང་དྲི་མ་མེད། །

བྱིས་པའི་ངག་ལ་གཏམ་འཆལ་དུག་མདའ་མེད། །

བྱིས་པའི་ལུས་ལ་མི་གཙང་གད་སྙིགས་མེད། །

བྱིས་པ་ཟེར་བ་རྣམ་དག་དྭངས་གཙང་ཡིན། །

བྱིས་པའི་ཕྱག་གིས་རེ་བའི་སྨྱུ་གུ་འཛིན། །

བྱིས་པའི་སྤྱན་གྱིས་ཤེས་རིག་ཚལ་ལ་ལྟ། །

བྱིས་པའི་རྡོག་སྣེས་སློབ་གླིང་གྲུ་བཞི་བརྒལ། །

བྱིས་པ་དག་གི་བརྩོན་སེམས་ཉམས་པ་མེད། །

བྱིས་པའི་འཛུམ་ཆུང་ཟླ་འོད་ཟེགས་མ་འདྲ། །

བྱིས་པའི་ལང་ཚོ་མེ་ཏོག་བཞིན་དུ་བཀྲ། །

བྱིས་པའི་གཤིས་ཀ་ཉག་ཕྲན་མདའ་ལྟར་དྲང་། །

བྱིས་པ་རྣམས་ནི་འབྱུང་འགྱུར་བདག་པོ་ཡིན། །