《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年06月01日

༄༅། །དྲུག་གཅིག་བྱིས་པའི་དུས་ཆེན་སྤྲོ།

མེ་ཆར།

ཀ་ཁའི་དབྱངས་རྟ་དེ་ངག་ལ་གྱེར་ཞིང་། །

ཤེས་རིག་མེ་ཏོག་གི་ཟེའུ་འབྲུ་འཐུ་བའི། །

འཛུམ་མདངས་དགོད་སྒྲ་ཡིས་ཕྱུག་པའི་བྱིས་པ། །

དྲུག་གཅིག་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས། །

ཉི་གཞོན་གསར་པ་ཡི་འོད་སྣང་དབུས་ནས། །

ཤེས་རིག་དགའ་ཚལ་གྱི་འདབ་མ་བཀྲ་བའི། །

སློབ་གླིང་སྐྱེད་ཚལ་གྱི་པདྨའི་དོ་རར། །

དྲུག་གཅིག་བྱིས་པ་ཡི་དུས་སྟོན་སྐྱིད་དོ། །

མ་གིའི་སྤང་ལྗོངས་ལ་སྐྱེ་སྟོབས་རྒྱས་ཤིང་། །

མེ་ཏོག་སྣ་ཚོགས་ཀྱི་ཟེའུ་འབྲུ་འབུས་པའི། །

དབྱར་ཟླ་དྲུག་པ་ཡི་མཛེས་སྡུག་ཀློང་ནས། །

དྲུག་གཅིག་དུས་སྟོན་དེ་བསུ་བར་བྲེལ་སོང་། །

རྣམ་དཔྱོད་རིག་པ་ཡི་རྩལ་ལག་གྲོལ་བའི། །

བརྩེ་འཛུམ་མེ་ཏོག་གི་གར་སྟེགས་དབུས་ནས། །

བཀྲ་ཤིས་ལྷ་དར་གྱི་རྟེན་འབྲེལ་བསྒྲིགས་ཏེ། །

སྤྲོ་སྐྱིད་གླུ་གར་གྱི་དཔལ་ལ་རོལ་སོང་། །

ལང་ཚོའི་མེ་ཏོག་གི་འཛུམ་མདངས་རྒྱས་པའི། །

མ་འོངས་རྒྱུན་འཛིན་གྱི་ན་གཞོན་ཁྱུ་གཅིག །

འདུ་འཛི་རྩེད་འཇོ་ཡི་དགའ་བདེར་བཟི་བ། །

དྲུག་གཅིག་དུས་ཆེན་གྱི་སྤྲོ་སྣང་ལོས་ཡིན། །

རྨོངས་པའི་སྨག་རུམ་ལ་འོད་གུར་ཕུབ་ཅིང་། །

རེ་བའི་ས་བོན་ལ་མྱུ་གུ་འབུས་དུས། །

ཕུགས་འདུན་གསར་པ་ཡི་འོད་སྣང་ཁྲོད་ནས། །

དྲུག་གཅིག་དུས་ཆེན་གྱི་སྟོན་མོར་རོལ་ཞིག །