གནམ་མཚོ་ནི་བོད་ཀྱི་གནས་མཚོ་ཆེན་པོ་གསུམ་གྱི་ཡ་གྱལ་ཞིག་ཡིན། ལོ་རེའི་ཟླ་ལྔ་པར་དབྱར་ཁ་སླེབས་ནས་ས་གཞི་རིམ་གྱིས་དྲོས་ཏེ་གནམ་མཚོའི་འཁྱགས་པ་བཞུ་བར་མཚོ་མོའི་དར་ཁ་ཞིག་པ་ཞེས་ཟེར།
ཟླ་5ཚེས་18ཉིན་གྱི་ས་སྲོད་སྐབས། ཐག་རིང་ནས་བལྟས་ན། གནམ་མཚོའི་ངོས་དང་ནམ་མཁའི་མཐའ་གཉིས་ཡུག་གཅིག་ཏུ་འབྲེལ་ཞིང་། དེ་མིན་བརྗིད་ཅིང་ཆགས་པའི་རྒྱང་རིང་གི་གཉན་ཆེན་ཐང་ལྷ་དང་། མཚོ་ནང་ཅི་དགར་རོལ་བའི་ཆུ་སྐྱར་གྱི་ཁྱུ་ཚོགས་སོགས་ཡུལ་སྐོར་བ་ཚོའི་མིག་མདུན་གྱི་དགའ་སྟོན་དུ་གྱུར་ཡོད།
མཚོ་མོ་དར་ཁ་ཞིག་སྐབས་ཡུལ་སྐོར་གྱི་དུས་ཚོད་ཡག་ཤོས་སུ་སླེབས་པ་ཡིན། འདམ་གཞུང་རྫོང་དང་། སྙེ་མོ་རྫོང་། ཆུ་ཤུར་རྫོང་། ཁྲེང་ཀོན་ཆུས་སོགས་རྫོང་དང་ཆུས་ཁག་གིས་ཚོན་ལྡན་གྱི་གུར་ཕུབས་ནས་ཁྱད་ལྡན་ཞིམ་ཟས་དང་། རིག་གནས་བློ་གསར་ཐོན་རྫས། མངོན་མིན་རིག་གནས་ཤུལ་བཞག་བཅས་འགྲེམས་སྟོན་བྱས་ཤིང་། རྫོང་དང་ཆུས་ཁག་གི་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཚོས་ཡུལ་སྐོར་བ་ཚོར་དྲིལ་བསྒྲགས་འོས་སྦྱོར་ཞིབ་ཕྲ་བྱས་པ་རེད། ལྷུན་གྲུབ་རྫོང་གི་གུར་གྱི་མདུན་དུ། བོད་རིགས་ཀྱི་ཞིང་འབྲོག་པ་4ཡིས་ཨར་གཞས་འཁྲབ་སྟོན་བྱས་པ། སྟག་རྩེ་ཆུས་ཀྱིས་ནས་ཀྱི་སྦི་རག་དཀར་པོ་དང་ཁྲུང་ཁྲུང་སྐེ་ནག་ལ་དཔེ་བལྟས་ནས་བཟོས་པའི་རིག་གནས་བློ་གསར་ཐོན་རྫས་དང་སྤུས་རྟགས་གྲགས་ཅན་གྱི་ཙན་དན་གྱི་སྤོས་སོགས་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བྱས་པ། ཆུ་ཤུར་རྫོང་གིས་ཁྱོན་ཡོངས་ཡུལ་སྐོར་གྱི་ལག་བྲིས་ས་ཁྲ་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་ལག་དེབ་སོགས་མངོན་གསལ་དོད་ཤོས་སུ་བཞག་ཡོད་པ་རེད།
རིམ་གྱིས་ས་རུབ་པ་དང་བསྟུན་ནས། ཚང་མའི་སྤྲོ་སེམས་དེ་བས་རབ་ཏུ་འཕེལ། གནམ་མཚོའི་ངོགས་ཀྱི་གར་སྟེགས་དཀྱིལ་དུ་མེ་ཕུང་སྤར། ཐོག་མར་འདམ་གཞུང་རྫོང་རིག་རྩལ་རུ་ཁག་གིས་གླུ་གར་འཁྲབ་སྟོན་བྱས་པ་དང་། དེ་རྗེས་རྫོང་དང་ཆུས་གཞན་དག་གིས་སོ་སོའི་ཁྱད་ཆོས་ལྡན་པའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་པས་ལྟད་མོ་བ་ཚོའི་མིག་གི་དགའ་སྟོན་དུ་གྱུར། མཚོ་འགྲམ་གྱི་གུར་ཡོད་སར་མེ་ཕུང་སྒོར་གཞས་ཉམས་ལེན་བྱེད་པའི་ལྷུ་ཚིགས་ཁྲོད་ལས་དོན་མི་སྣས་སྐུ་མགྲོན་སྒོར་གཞས་འཁྲབ་པར་གདན་དྲངས་པ་དང་སྙན་འཇེབས་ལྡན་པའི་ཞབས་བྲོའི་རོལ་དབྱངས་དང་བསྟུན་ནས་འཁྲབ་སྟོན་མི་སྣས་སྒོར་གཞས་དམར་ཁྲིད་བྱས་པ་རེད་། ས་གནས་ས་ཐོག་ཏུ་སྐར་ཚོགས་ལྟ་དཔྱད་ཚད་འཇལ་གྱི་སྒྲིག་ཆས་མང་པོ་བཞག་ཡོད་ཅིང་དེ་ནི་མི་རྣམས་ཀྱིས་རང་མོས་ངང་ས་མཐོའི་ཡིད་དབང་འཕྲོག་པའི་སྐར་ཚོགས་ལ་ལྟ་ཆེད་མཁོ་འདོན་བྱས་པ་ཞིག་རེད།
ཟླ་5ཚེས་19ཉིན་གྱི་དགོང་མོར། “2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན། གནམ་མཚོའི་དར་ཁ་ཞིག་པའི་ཉིན་མོ”ཞེས་པ་བཀྲ་ཤིས་གླིང་ཕྲན་བྱང་ངོས་ཀྱི་མཚོ་ངོགས་སུ་འཚོགས་པ་རེད།
འཁྲབ་སྟོན་པ་300ལྷག་ཙམ་གྱིས་དུས་བདེ་དང་བཀྲ་ཤིས་པའི་རྣམ་པ་མཚོན་པའི་རྟ་དང་། ནོར། གཡག་རྭ། དར་མཚོན་སྣ་ལྔའི་ཁ་བཏགས་སོགས་འཁྲབ་སྟོན་གྱི་མགོ་བར་མཇུག་གསུམ་དུ་ཁྱབ་པར་བྱས་ཏེ། སྒྱུ་རྩལ་གྱི་ཉམས་ལྡན་པའི་ངང་མཚོ་མོ་དར་ཁ་ཞིག་སྐབས་གསོལ་བ་སྨོན་ལམ་འདེབས་པའི་རྣམ་པ་མངོན་པར་བྱས་པ་རེད།
ཉི་མ་དལ་གྱིས་ཤར་བ་དང་གནམ་མཚོའི་ལྟ་ན་སྡུག་པའི་མཛེས་ལྗོངས་རབ་ཏུ་བཀྲ་ཞིང་། བརྗིད་ཆེའི་གངས་རིས་སྔོ་ཞིང་དྭངས་བའི་མཚོ་མོ་པང་དུ་བླངས་པ་དང་མཚུངས། “གནམ་མཚོའི་འགྲམ་དུ་གཉེན་སྒྲིག་བྱས། གཏན་དུ་དགའ་སྟོན་འཚོ་བར་རོལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་ལུགས་ཀྱི་གཉེན་སྟོན་བཤམས་པ་དང་། སྙན་པའི་འགྱུར་ཁུག་དང་གཉེན་སྒྲིག་བྱེད་མཁན་ཕོ་གཞོན་མོ་གཞོན་ཆ་99ཡིས་ལག་ཏུ་མེ་ཏོག་སོས་པ་འཁྱེར་ཏེ་བོད་རིགས་ཀྱི་གཞས་པ་དང་གར་མཁན་ཚོའི་སྣེ་ཁྲིད་འོག་གཉེན་སྟོན་བྱ་ཡུལ་དུ་བསྐྱོད། སྙན་འཇེབས་ལྡན་པའི་འབྲོག་གླུ་ཕན་ཚུན་གཏོང་རེས་བྱེད་སྟངས་ཀྱི་ཐོག་ནས་གཉན་ཆེན་ཐང་ལྷ་དང་གནམ་མཚོའི་འཆར་ཡན་གྱི་བརྩེ་དུང་གི་གཏམ་རྒྱུད་བརྗོད་དེ། སྨོན་འདུན་ཞུ་བ་དང་དམ་བཅའ་བཞག་ནས་བརྗིད་ཉམས་ལྡན་པའི་གངས་རིས་གཉེན་སྒྲིག་བྱེད་མཁན་ཕོ་མོ་ཚོའི་ཚེ་གང་གི་དམ་བཅའ་གལ་ཆེན་ལ་དཔང་པོ་བྱས་ཡོད།
བོད་ལུགས་ཀྱི་གཉེན་སྟོན་ནང་ཞུགས་མཁན་རྡོ་རྗེ་དབང་རྒྱལ་དང་ལྷ་མོ་སྒྲོལ་མ་བཟའ་ཚོ་གཉིས་ཀྱིས“དེ་སྔོན་ནས་གཉན་ཆེན་ཐང་ལྷ་དང་གནམ་མཚོའི་འཆར་ཡན་གྱི་བརྩེ་དུང་གི་གཏམ་རྒྱུད་ཐོས་མྱོང་། ད་ཐེངས་གནམ་མཚོར་ཡོང་ནས་བྱེད་སྒོ་འདིའི་ནང་དངོས་སུ་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང”ཞེས་བཤད།
ལྷ་ས་གྲོང་ཁྱེར་རིག་གནས་ཡུལ་སྐོར་སྡེ་ཚན་གྱི་འགན་འཁུར་བས་ད་རེས་གནམ་མཚོའི་དར་ཁ་ཞིག་པའི་བྱེད་སྒོ་ལས་ལྷ་སའི་རིག་གནས་ཀྱི་ནང་དོན་དང་ཡུལ་སྐོར་ཐོན་རྫས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་ཏེ་རིག་གནས་དང་ཡུལ་སྐོར་ཁྱབ་རྒྱ་དེ་བས་ཆེ་བ་དང་། དེ་བས་གཏིང་ཟབ་པ། ཆུ་ཚད་དེ་བས་མཐོ་བ་བཅས་ཀྱི་ཐོག་མཉམ་འདྲེས་གཏིང་ཟབ་ཐུབ་པར་སྐུལ་འདེད་ནུས་ལྡན་ཐུབ་ནས་རིག་གནས་ཡུལ་སྐོར་དེ་ཉིད་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བའི་གཞི་རྟེན་གལ་ཆེན་དུ་གྱུར་ནས་ལྷ་སའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ལ་རམ་འདེགས་ཀྱང་ཐུབ་རྒྱུ་རེད་ཅེས་བཤད།