འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ཁྲོམ་ར་ལྟ་འདོམས་ཅུས་དང་མཉམ་དུ་མེ་ཟོན་ཐོན་རྫས་ལ་ཆེད་དོན་ཞིབ་བཤེར་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཞིབ་བཤེར་སྐབས་གཙོ་བོ་ཁོངས་གཏོགས་ཁུལ་དུ་ཞིབ་བཤེར་རྩིས་ལེན་བྱུང་བའི་མེ་ཟོན་ལས་གྲྭའི་བེད་སྤྱོད་གནས་ཚུལ་དང་ཚོང་གཉེར་ཁང་གི་མེ་ཟོན་ཐོན་རྫས་ཀྱི་ཚད་ལོན་ལག་ཁྱེར་དང་། བཙན་ཤེད་རང་བཞིན་གྱི་3Cར་སྤྲོད་བདེན་དཔང་། སྤུས་ཚད་ཞིབ་དཔྱད་སྙན་ཞུ་སོགས་ནང་དོན་ལ་འཐེན་བཤེར་ཞིབ་ཕྲ་བྱས་ཡོད། ཞིབ་བཤེར་ཚོགས་ཆུང་གིས་ས་གནས་ཁག་གི་མེ་གསོད་ཡོ་ཆས་དང་། མེ་ཟོན་ཆུ་འཐེན། མེ་ཟོན་ཆུ་མདའ། མེ་གསོད་ཆས། འཕྲལ་སྡོམ་གློག་སྒྲོན། ཁ་འགྲེམས་བརྡ་སྟོན་མཚོན་རྟགས། མེ་འགོག་སྒོ་སོགས་ཁང་པའི་ཕྱི་ནང་གི་མེ་ཟོན་སྒྲིག་བཀོད་ཡོ་ཆས་ཀྱི་སྤུས་ཚད་གནད་དོན་དང་བེད་སྤྱོད་སྐོར་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་མ་ཟད། དྲ་རྒྱའི་འདྲི་རྩད་བརྒྱུད་མེ་ཟོན་ཐོན་རྫས་སྣ་ཚོགས་ལ་བེད་སྤྱོད་ཆ་འཕྲིན་གྱི་བརྟག་བཤེར་དང་དཔྱད་བཤེར་བྱས་ཡོད། དེ་དང་ཆབས་ཅིག་འབྲེལ་ཡོད་མི་སྣ་དང་མང་ཚོགས་ལ་མེ་ཟོན་ཐོན་རྫས་སྐོར་གྱི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་བྱས་ནས་ཚོང་རྟགས་དང་། ཕྱིའི་རྣམ་པ། མཚོན་རྟགས་གསལ་འབྱེད་སོགས་ཐད་ནས་མེ་ཟོན་ཐོན་རྫས་སྣ་ཚོགས་ལ་དབྱེ་འབྱེད་བྱེད་སྟངས་ཁྱབ་གདལ་བཏང་བ་དང་། དངོས་པོ་ཕན་ཚུན་བསྡུར་བ་བརྒྱུད་ཐོན་རྫས་ཀྱི་ལེགས་ཉེས་མིག་མཐོང་ལག་ཟིན་ཡོང་བར་བྱས་པ་དང་། གཉེར་ཚོང་ཁང་གིས་མེ་ཟོན་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་གཉེར་སྐྱོང་གི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་མེ་ཟོན་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།