འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། དྲ་མིག་བཅོས་སྐྱོང་གི་ཕན་ནུས་དང་མཉམ་འགོག་མཉམ་བཅོས་ཀྱི་ཕན་ནུས་ཆེ་རུ་གཏོང་བའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་བཅོས་སྐྱོང་གི“མཐའ་མའི་འགག་གནད”ཀྱི་དྲ་མིག་པ་དང་དུད་སྦྲེལ་སྤྱི་མིའི་འགག་རྩའི་ནུས་པ་གང་ལེགས་འདོན་ཆེད། ཉེ་ཆར། སྙེ་མོ་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་རྫོང་སྤྱི་བདེ་ཅུས་དང་། ཞིབ་དཔྱོད་ཁང་། ཁྲིམས་ཁང་། ཁྲིམས་འཛིན་ཅུས། མེ་ཟོན་རུ་ཆེན་བཅས་སྒྲིག་འཛུགས་བྱས་ནས་ཤང་དང་གྲོང་རྡལ་ཁག་ཏུ་བསྐྱོད་དེ་དྲ་མིག་པ་དང་དུད་སྦྲེལ་སྤྱི་མིའི་ལས་སྒོའི་ཕྱོགས་བསྡུས་འཇོན་ཐང་ཆེ་རུ་གཏོང་བའི་གསོ་སྦྱོང་བྱས་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་དེ་དྲ་མིག་བཅོས་སྐྱོང་གི་ཕན་ནུས་དང་མཉམ་འགོག་མཉམ་བཅོས་ཀྱི་ཕན་ནུས་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་རྒྱུའི་ལས་དོན་སྐོར་གྱི་གྲོང་ཁྱེར་དང་རྫོང་གི་འབྲེལ་ཡོད་བླང་བྱ་དང་ཟུང་འབྲེལ་བྱས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས“གང་མ་ཤེས་ན་དེ་སྦྱོང་བ་དང་གང་མཁོ་ན་དེ་གསབ་པའི”རྩ་དོན་གཞིར་བཟུང“མངགས་ཐོ་རྣམ་པའི”གསོ་སྦྱོང་བྱེད་སྟངས་སྤྱད་དེ་དྲ་མིག་པ་དང་དུད་སྦྲེལ་སྤྱི་མིའི་འཇོན་ཐང་ཆེ་རུ་ཧུར་ཐག་བཏང་བ་རེད།
གསོ་སྦྱོང་རིང་། གསོ་སྦྱོང་མི་སྣས་ཁ་གསལ་གོ་བདེའི་སྐད་ཆའི་ཐོག་ནས་དྲ་མིག་པ་དང་དུད་སྦྲེལ་སྤྱི་མིར《ལྷ་ས་གྲོང་ཁྱེར་གྱི་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་སྲོལ་ཡིག》དང《སྙེ་མོ་རྫོང་གི“གཉིས་ལྡན་དུད་སྦྲེལ”གྱི་སྐར་གསོག་ལྕག་སྐུལ་ལམ་ལུགས་ཀྱི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》ལག་ལེན་བསྟར་བའི་དམིགས་ཡུལ་དང་། དོན་སྙིང་། དེ་བཞིན་གྲུབ་འབྲས་བཅས་གསལ་བཤད་བྱས་པ་རེད། ཞིབ་དཔྱོད་ཁང་དང་། ཁྲིམས་ཁང་། ཁྲིམས་འཛིན་ལས་ཁུངས་ཀྱི་ཉེས་དོན་དང་དམངས་དོན་གཏུག་བཤེར་བྱེད་རིང་གི་འགན་ནུས་དང་། བདག་སྤྲོད་ཁྱབ་ཁོངས། རྒྱབ་སྐྱོར་བྱེད་སྟངས་སོགས་ཀྱི་ཤེས་བྱ་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་། གླ་པ་རྒྱུག་མཁན་གྱི་ངལ་རྩོལ་གླ་ཆ་འདེད་ལེན་དང་། ལས་རྨས་ནད་པའི་ཁེ་དབང་འགན་སྲུང་། བུ་ལོན་གཏོང་ལེན་དང་གཉེན་སྒྲིག་གི་རྩོད་གཞི། གློག་འཕྲིན་ཁ་བསླུས་སོགས་ཀྱི་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས། རྒྱ་ཆེའི་མང་ཚོགས་ལ་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་བཅའ་ཁྲིམས་ལ་བརྟེན་ནས་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་ཁྲིད་སྟོན་བྱས་ཡོད།