《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月31日

ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་གྱིས།

དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་ཁོར་ཡུག་ཡག་པོ་བསྲུངས་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་གྱིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་པ་དང་། ཏང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྣེ་ཁྲིད་མཐའ་འཁྱོངས་ཀྱིས་དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ། གནས་ནང་ལུང་ཤུར་དང་ཉེ་འཁོར་གྱི་རང་བྱུང་སྲུང་སྐྱོང་ཁུལ་གཙོ་གནད་དུ་བྱེད་པ་བཅས་ལ་བརྟེན་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

སྲུང་སྐྱོང་དཔུང་ཁག་བཙུགས་ཤིང་། 2021ལོའི་ཟླ་11པར། རྒུ་རུམ་གྲོང་རྡལ་གྱིས་གནས་ནང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་། དགེ་འདུན་པ། ས་གནས་དེ་གའི་གྲོང་ཚོའི་ལས་བྱེད་པ་སོགས་ལས་གྲུབ་པའི་རི་སྐྱེས་སྲོག་ཆགས་ལྟ་ཞིབ་ཚོགས་ཆུང་བཙུགས་ཏེ། པེ་ཅིང་སློབ་ཆེན་རང་བྱུང་སྲུང་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་དང་དེ་བཞིན་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་རྒྱབ་སྐྱོར་འོག གནས་གཏན་འཁེལ་གྱི་དམར་ཕྱིའི་འོད་ཀྱི་བརྙན་ལེན་འཕྲུལ་ཆས་དང་ཚོགས་ཆུང་ཁག་བགོས་ཀྱིས་ས་གནས་ས་ཐོག་ཏུ་སྐོར་ཞིབ་བྱེད་པ་སོགས་ཀྱི་བྱ་ཐབས་སྣ་མང་བརྒྱུད། གནས་ནང་རོང་གི་རི་སྐྱེས་སྲོག་ཆགས་ཁྱབ་ཚུལ་ལ་མུ་མཐུད་ལྟ་ཞིབ་ཚད་ལེན་དང་ཟིན་བྲིས་བརྒྱབ་ཡོད། དེ་དང་ཆབས་ཅིག སྐྱེ་ཁམས་སྲུང་སྐྱོང་སྐོར་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ས་གནས་དེ་གའི་ཡུལ་མི་སྐྱེ་ཁམས་ཁོར་ཡུག་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ནང་མཉམ་དུ་ཞུགས་པར་ཁྲིད་སྟོན་བྱས་ཡོད།

སྲུང་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། 2023ལོའི་ཟླ་2པར། རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས“གནས་ནང་ལུང་ཤུར་གྱི་གསའ་འཚོ་གནས་ཁུལ་གལ་ཆེན”འཛུགས་པར་ཆོག་མཆན་དངོས་སུ་སྤྲད་དེ་ས་ཁོངས་དེ་གའི་གསའ་དང་། ས་ཁོངས་གཅིག་པའི་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་སྲོག་ཆགས། ཁོ་ཚོའི་འཚོ་གནས་ཁུལ་བཅས་ལ་སྲུང་སྐྱོང་བྱས་ཡོད། 2023ལོའི་ཟླ་4པར། རྒུ་རུམ་གྲོང་རྡལ་གྱིས་གནས་ནང་དགོན་པའི་ཁོངས་གཏོགས་ཀྱི་ས་ཆའི་བདག་ཁོངས་དང་དེ་བཞིན་ཉེ་འཁོར་གྱི་ས་ཆ་ཁག་གཅིག་བཅས་ཁྱོན་སྤྱི་ལེ་ངོས་གྲུ་40ལ་ཟིན་པའི“སྟོད་ལུང་བདེ་ཆེན་ཆུས་གནས་ནང་ལུང་ཤུར་རང་བྱུང་སྲུང་སྐྱོང་ཁུལ་ཆུང”བཙུགས་ཡོད། 2023ལོའི་ཟླ་5པར། གནས་ནང་སྐྱེ་ཁམས་རིག་གནས་སྲུང་སྐྱོང་ལྟེ་གནས་དངོས་སུ་བཙུགས་ཏེ་གནས་ནང་ལུང་ཤུར་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་སྟོབས་ཤུགས་སྔར་བར་ཆེ་རུ་བཏང་ཡོད།

སྲུང་སྐྱོང་རྨང་གཞི་བརྟན་དུ་བཏང་ཞིང་། 2023ལོར། རྒུ་རུམ་གྲོང་རྡལ་གནས་ནང་དགོན་པས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ལས་འགན་མུའུ་751.2འགན་གཙང་བླངས་ནས“དཔྱིད་ཀར་མེ་ཏོག་སྣ་ཚོགས་བཞད་པ་དང་། དབྱར་ཁར་ལྗོན་ཤིང་གི་བསིལ་གྲིབ་ཡོད་པ། སྟོན་ཀར་ཚོན་མདངས་བཀྲ་བའི་འདབ་ལོས་བརྒྱན་པ། དགུན་ཁར་སྔོ་ལྗང་ལྗོན་ཤིང་མཐོང་རྒྱུ་ཡོད་པ”བཅས་ཀྱི་ཇུས་འགོད་བསམ་ཕྱོགས་གཞིར་བཟུང་། རི་སྐྱེས་ཁམ་བུ་དང་། སྟར་ཁ། ཤུག་སྡོང་སོགས་ཀྱི་སྡོང་ཕྲུག་ཁྲི་10ལྷག་ཙམ་བཙུགས་ཡོད། སྲུང་སྐྱོང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོང་གི་ལྗང་མདོག་སྲུང་བཅད་ཞིག་དངོས་སུ་བསྐྲུན་ཡོད།

(ཚེ་དབང་ལྷ་མོས་བསྒྱུར། ལྷ་དབང་དང་ཚེ་ལྷས་ཞུས།)