ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་27ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་བའི་སྐོར་ལ་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་བཞི་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ལས་ཞུགས་ལས་དོན་གྱི་ངེས་གནས་གསར་པ་དང་འགན་འཁྲི་གསར་པ་ཞིག་རེད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་ངལ་རྩོལ་པ་རང་རྟེན་ལས་ཞུགས་དང་། ཁྲོམ་རས་ལས་ཞུགས་སྙོམས་སྒྲིག་བྱེད་པ། སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་འདེད་དང་ལས་གཏོད་ལ་སྐུལ་ལྕག་གཏོང་བ་བཅས་ཀྱི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། ལས་ཞུགས་ཀྱི་སྤུས་ཚད་ནུས་ལྡན་ངང་ལེགས་སུ་གཏོང་བ་དང་གྲངས་འབོར་འོས་འཚམ་ངང་འཕར་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་རྒྱ་ཆེའི་ངལ་རྩོལ་པའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཀྲུང་གོ་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་དང་ཞིབ་འཇུག་པ་མོ་རུང་གིས་གནད་དོན་དེའི་སྐོར་ལ་འགྲེལ་བཤད་བརྒྱབ་ནས་ལས་ཀའི་གྲོས་འགོ་བཏོན་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགྲེལ་བཤད་ནན་ཏན་ངང་གསན་ནས་གྲོས་བསྡུར་ཡང་གནང་བ་རེད།
ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་བསྡུར་གསན་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་གསུངས་དོན། ལས་ཞུགས་ནི་ཆེས་གཞི་རྩའི་དམངས་འཚོ་ཡིན་པ་དང་། དེ་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་། དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས། རྒྱལ་ཁབ་ཡུན་རིང་བདེ་འཁོད་བཅས་དང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ལས་ཞུགས་ལས་དོན་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཞུགས་སྐུལ་འདེད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གནོན་ཤུགས་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་གཅོག་པ་བཅས་བྱས་པས་གྲོང་ཁྱེར་དང་གྲོང་རྡལ་དུ་ལོ་རེར་ཆ་སྙོམས་མི་ཁྲི་1300གསར་དུ་ལས་ཞུགས་ཐུབ་ནས། དམངས་འཚོ་ལེགས་སུ་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་གལ་ཆེན་བྱས་ཡོད། ལག་ལེན་ཁྲོད་དུས་རབས་གསར་པའི་ལས་ཞུགས་ལས་དོན་གྱི་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ་ཉམས་མྱོང་མང་པོ་བསགས་ཡོད། དེའི་ནང་གཙོ་བོ་ལས་ཞུགས་དེ་དམངས་འཚོའི་གཞི་རྩར་བརྩི་རྒྱུ་མཐའ་འཁྱོངས་དང་།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། ལས་ཞུགས་ཀྱི་ཤོང་ཚད་ཆེ་རུ་དང་ལས་ཞུགས་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་དམ་འཛིན་མངོན་གསལ་དོད་པོ་བྱ་རྒྱུ་མཐའ་འཁྱོངས། ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱ་རྒྱུ་མཐའ་འཁྱོངས། དྲང་གཞག་གི་ལས་ཞུགས་ཁོར་ཡུག་བསྐྲུན་རྒྱུ་མཐའ་འཁྱོངས། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་རྒྱུ་མཐའ་འཁྱོངས་སོགས་ཚུད་ཡོད། ཉམས་མྱོང་དེ་དག་ཧ་ཅང་རྩ་ཆེན་ཡིན་པས་དུས་ཡུན་རིང་པོར་མཐའ་འཁྱོངས་དང་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ནས་དེ་བས་རང་རྟོགས་ངང་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་བྱེད་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་ཚུད་དམིགས་ཚད་དུ་བརྩིས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དེ་ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་དང་ཤོང་ཚད་ཆེ་རུ་གཏོང་བའི་བརྒྱུད་རིམ་དུ་འགྱུར་བ་བྱས་ནས་འཕེལ་རྒྱས་ཀྱི་ལས་ཞུགས་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་དགོས། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་པ་སྤོར་བ། གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། འབྱུང་འགྱུར་ཐོན་ལས་བཀོད་སྒྲིག་དང་འཛུགས་སྐྲུན་བྱེད་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་ལས་ཞུགས་ལས་གནས་དེ་བས་མང་བ་ཧུར་ཐག་སྐྲུན་དགོས། ལས་ཞུགས་བསྡུ་ལེན་གྱི་ནུས་པ་ཆེ་བའི་ཐོན་ལས་དང་ཁེ་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ནས་ལས་ཞུགས་ཀྱི་ཤོང་ཚད་བརྟན་པོ་དང་རྒྱ་ཆེར་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་དང་མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བའི་རེ་སྒུག་གསར་པར་གཞིགས་ཏེ། ལས་རྣམ་གསར་པ་དང་རྣམ་པ་གསར་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ལས་རིགས་ཀྱི་གོ་རིམ་གསར་པ་སྔོག་འདོན་དང་སྐྱེད་སྲིང་ཧུར་ཐག་བྱས་ནས་ལས་ཞུགས་ཀྱི་འཕར་གཞི་གསར་པ་གསར་སྤེལ་བྱེད་དགོས། སྲིད་ཇུས་གལ་ཆེན་དང་། གཙོ་གནད་རྣམ་གྲངས། ཐོན་སྐྱེད་ནུས་ཤུགས་གལ་ཆེན་བཅས་ཀྱི་བཀོད་པས་ལས་ཞུགས་ལ་ཐེབས་པའི་ཤུགས་རྐྱེན་ལ་དཔྱད་དཔོག་བྱེད་ཤུགས་ཆེ་རུ་བཏང་སྟེ། ནོར་སྲིད་དང་། དངུལ་ལོར། མ་འཇོག འཛད་སྤྱོད། ཐོན་ལས། ས་ཁོངས་སོགས་སྲིད་ཇུས་དང་ལས་ཞུགས་སྲིད་ཇུས་མཐུན་སྦྱོར་མཉམ་འགུལ་དང་ཕྱོགས་གཅིག་ལ་ཤུགས་རྒྱག་པར་སྐུལ་འདེད་བཏང་ནས། ལས་ཞུགས་མཛའ་གྲོགས་རྣམ་པའི་འཕེལ་རྒྱས་གཏོང་སྟངས་གཏོད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། བྱང་ཚད་ལེགས་པ་དང་། སྤྱི་འབོར་འདང་ངེས། གྲུབ་ཆ་ལེགས་འགྱུར། ཁྱབ་ཚུལ་ལུགས་མཐུན་བཅས་ཀྱི་དེང་རབས་ཅན་གྱི་མི་ཤུགས་ཐོན་ཁུངས་གང་མགྱོགས་བཏོད་ནས་མི་ཤུགས་ཐོན་ཁུངས་མཁོ་སྤྲོད་མི་སྙོམས་པའི་གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་འགལ་ཟླ་ཐག་གཅོད་ཡག་པོ་བྱེད་དགོས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་དང་འཚམ་པར་བྱས་ནས། མི་ཤུགས་ཐོན་ཁུངས་ཀྱི་འཕེལ་ཕྱོགས་ཚན་རིག་དང་མཐུན་པའི་ངང་ཞིབ་འཇུག་བརྡར་གཅོད་བྱེད་པ་དང་། སློབ་གསོ་དང་། གསོ་སྦྱོང་། ལས་ཞུགས་བཅས་ལ་སྤྱི་འདོམས་ཀྱིས་དམ་འཛིན་ཡག་པོ་བྱེད་པ། མཐོ་རིམ་སློབ་གསོའི་ཆེད་ལས་དང་ཐོན་ཁུངས་ཀྱི་གྲུབ་ཆའི་བཀོད་པ་སྐབས་བསྟུན་ངང་ལེགས་སྒྲིག་བྱེད་པ། ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་ཚེ་གང་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། མཁོ་སྤྲོད་སྦྲེལ་མཐུད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། མི་དང་ལས་གནས་འཚམ་མཐུན་དང་། མིའི་ལེགས་ཆ་འདོན་སྤེལ། མིའི་འཇོན་ཐང་འདོན་སྤེལ་བཅས་གང་ཐུབ་བྱས་ཏེ་ལས་ཞུགས་ཀྱི་སྤུས་ཚད་དང་བརྟན་ཚད་ཆེ་རུ་གཏོང་དགོས། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས། སྤྱི་ཚོགས་ཡོངས་ལ་ཡང་དག་པའི་ལས་ཞུགས་ལྟ་བ་བརྟན་པོར་འཛུགས་པར་ཁྲིད་སྟོན་བྱས་ཏེ་ལས་ཀ་འདེམས་པའི་འདུ་ཤེས་གསར་པར་བརྟེན་ནས་ལས་ཞུགས་ཀྱི་གནམ་ས་གསར་པ་གཏོད་དགོས། ལས་རིགས་ཁ་ཤས་སུ་ལས་མི་མི་འདང་བའི་སྣང་ཚུལ་ཐོན་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས“ལས་ཀ་ཡོད་ཀྱང་ལས་ཀ་བྱེད་མཁན་མེད་པའི”སྣང་ཚུལ་ཐག་གཅོད་བྱེད་པ་ནས་འགོ་བཙུགས་ཏེ“ལས་མི་ཡོད་ཀྱང་ལས་ཀ་མེད་པའི”གནད་དོན་ཐག་གཅོད་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ཚོགས་སྤྱིའི་ལས་ཞུགས་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་སྦྱངས་པའི་དགེ་མཚན་འདོན་པར་ཕན་པའི་ལས་ཞུགས་ལས་གནས་དེ་བས་མང་བ་གསར་སྤེལ་བྱས་ནས། གཞོན་ནུ་རྣམས་གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ལས་རིགས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ། ཁེ་ལས་འབྲིང་ཆུང་ཕྲན་གསུམ་བཅས་སུ་ལས་ཞུགས་ལས་གཏོད་བྱེད་པར་སྐུལ་ལྕག་བྱས་ཏེ་ཁྲོམ་ར་ཅན་དང་སྤྱི་ཚོགས་ཅན་གྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ནས། ཕྱི་ཕྱོགས་སུ་ལས་ཞུགས་དང་རང་ས་རང་ཡུལ་དང་ཐག་ཉེ་སར་ལས་ཞུགས་བྱེད་པ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་ཞིང་པ་ལས་མིའི་ལས་ཞུགས་ལ་སྐུལ་འདེད་བཏང་སྟེ། ཕྱི་ཕྱོགས་སུ་བསྐྱོད་པའི་ཤེས་ལྡན་པ་ཕ་ཡུལ་དུ་ལོག་པ་དང་གྲོང་ཁྱེར་གྱི་ཤེས་ལྡན་པ་གྲོང་གསེབ་ཏུ་ལས་གཏོད་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། དབུལ་སྒྲོལ་མི་འབོར་གྱི་ལས་སྒྲུབ་གཞི་ཁྱོན་དང་ལས་སྒྲུབ་ཡོང་འབབ་བརྟན་པོ་ཡོང་བར་བྱས་ནས་ལས་ཀ་ཤོར་བའི་རྐྱེན་གྱིས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐེབས་པར་བྱེད་དགོས། ལོ་ན་མཐོ་བ་དང་། དབང་པོ་སྐྱོན་ཅན། ལས་ཀ་ཤོར་ནས་ཡུན་རིང་སོང་བ་སོགས་ལས་ཞུགས་དཀའ་བའི་ཚོགས་སྤྱིར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། སྤྱི་ཕན་རང་བཞིན་གྱི་ལས་གནས་སྤྱི་འདོམས་ངང་ཡག་པོ་སྤྱད་དེ་ལས་ཞུགས་ཐུབ་མེད་པའི་ཁྱིམ་ཚང་སྟབས་བསྟུན་གཙང་སེལ་ཐུབ་པའི་འགན་ལེན་བྱེད་དགོས། དམག་ཞབས་ཐིམ་པའི་དམག་མི་དང་བུད་མེད་སོགས་ཚོགས་སྤྱིའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ལས་ཞུགས་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བྱེད་དགོས་ཤིང་། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་འགན་ལེན་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། ལས་གཏོད་ཞབས་ཞུ་ལེགས་སུ་གཏོང་བ་དང་ལས་གཏོད་སྤུས་ཚད་མཐོ་རུ་གཏོང་དགོས། གཅིག་གྱུར་ཚད་ལྡན་གྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། དྲང་གཞག་ལས་ཞུགས་ཀྱི་ཁོར་ཡུག་བཏོད་དེ་མི་ཚང་མར་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་རང་ངོས་འཕེལ་རྒྱས་ཀྱི་གོ་སྐབས་ཐོབ་པར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ངལ་རྩོལ་པའི་ཁེ་དབང་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ངལ་རྩོལ་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་ཚད་གཞི་ཚད་ལྡན་དུ་གཏོང་བ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས། སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ། ལས་རིགས་ཀྱི་གནོད་འཚེ་འགན་སྲུང་ཚོད་ལྟ་བྱེད་རྒྱ་ཆེ་རུ་བཏང་ནས་དུས་ཐོག་ཏུ་ཉམས་མྱོང་ཕྱོགས་སྡོམ་དང་ལམ་ལུགས་ཆགས་པར་བྱེད་དགོས། ཁྲོམ་རའི་ལྟ་འདོམས་དང་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཁྲིམས་སྒྱུར་ལ་ཤུགས་སྣོན་བརྒྱབ་སྟེ། ལས་ཞུགས་ལ་མཐོང་ཆུང་དང་། གླ་ཕོགས་དང་འགན་བཅོལ་འགྱངས་ཆད། ཁྲིམས་འགལ་ངང་ལས་མི་ཉུང་འཕྲི་སོགས་ཀྱི་ཟང་ཟིང་གི་རྣམ་པ་བཅོས་སྐྱོང་ནུས་ལྡན་བྱེད་དགོས།
མཇུག་ཏུ་ཞི་ཅིན་ཕིང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལས་ཞུགས་དེ་དམངས་འཚོའི་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་ཡག་པོ་བྱས་ཏེ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀའི་མཉམ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཀྲུང་གོའི་ལས་ཞུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གང་མགྱོགས་བཙུགས་ནས་ལས་ཞུགས་ཁྱབ་ཁོངས་ཁྲོད་རང་རྒྱལ་གྱི་རྒྱལ་སྤྱིའི་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ཐེབས་ཤུགས་ནུས་ལྡན་ངང་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
(ལྷག་ཚེ་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)