འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་28ཉིན་གནས་ཚུལ་འབྱོར་གསལ། ཚེས་28ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་མངགས་བཅོལ་ལྟར་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་15པ་གཙོ་སྐྱོང་གནང་བ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས་དང་། ས་ལུང་ཕུན་ལགས། སྒྲོལ་དཀར། བཀྲ་ཤིས་ཟླ་བ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག་བློ་མཐུན་ཀརྨ་ཚེ་བརྟན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའི་གོ་གནས་མི་འཁུར་རྒྱུའི་སྐོར་གྱི་གཏན་འབེབས་དང་། བློ་མཐུན་ཀརྨ་ཚེ་བརྟན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དགོངས་ཞུ་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། བློ་མཐུན་མཱ་ཅིང་ལིན་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་གསབ་འདེམས་བྱ་རྒྱུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། འབྲེལ་ཡོད་མི་དོན་བསྐོ་འཐེན་དོན་ཚན་གྱི་གོ་རིམ་གཞིར་བཟུང་། སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པར་གྲོས་ཞིབ་དང་གྲོས་འཆམ་བྱ་རྒྱུར་ཕུལ་བ་རེད།