《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月29日

རྣམ་གླིང་རྫོང་དབང་པོ་སྐྱོན་ཅན་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་བསྐྲུན་ནས་སྤྱོད་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྣམ་གླིང་རྫོང་དབང་པོ་སྐྱོན་ཅན་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་དངོས་སུ་བསྐྲུན་ནས་སྤྱོད་འགོ་ཚུགས་ཤིང་། ཁོངས་གཏོགས་ཁུལ་གྱི་དབང་པོ་སྐྱོན་ཅན་ཕྱོགས་བསྡུས་ཞབས་ཞུའི་ལས་དོན་གྱི་ཆུ་ཚད་སྔར་བས་མཐོ་རུ་སོང་སྟེ། དབང་པོ་སྐྱོན་ཅན་ལ་དེ་བས་ཆེད་ལས་དང་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་ཐུབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གླིང་རྫོང་དབང་པོ་སྐྱོན་ཅན་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སུ་རྐང་ལག་སྦྱོང་བརྡར་ཁང་དང་། ཉན་ཕན་ཡོ་བྱད་སྒྲིག་སྦྱོར་ཁང་། ལུས་གསོ་འཕུར་མཉེད་ཁང་། སྒྲ་ལྡན་ཀློག་དེབ་ཁང་། ལས་ཞུགས་གསོ་སྦྱོང་ཁང་། ཞབས་ཞུ་བློ་འདྲི་ཁང་སོགས་བཙུགས་པ་དག་ནི་ལུས་གསོ་སྦྱོང་བརྡར་དང་། ལས་ཞུགས་གསོ་སྦྱོང་། རིག་གནས་དང་ལུས་རྩལ་བྱེད་སྒོ་སོགས་བྱེད་ནུས་གཞི་གཅིག་ཏུ་བསྡུས་པའི་དབང་པོ་སྐྱོན་ཅན་ཕྱོགས་བསྡུས་ཞབས་འདེགས་ཞུ་གནས་ཤིག་ཡིན་ཞིང་། དེས་རྫོང་དེ་གའི་ཉམས་ཞན་ཚོགས་སྤྱིའི་རྨང་གཞིའི་ཞབས་ཞུའི་དགོས་མཁོ་སྤྱིའི་ཆ་ནས་སྐོང་ཐུབ་ཀྱི་ཡོད།

གོམ་སྟབས་རྗེས་མར། རྣམ་གླིང་རྫོང་དབང་པོ་སྐྱོན་ཅན་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱིས་འགན་འཁྲི་ཏན་ཏིག་འཁུར་བ་དང་། དམངས་ཕན་སྲིད་ཇུས་ཁག་དྲིལ་བསྒྲགས་ཡག་པོ་དང་གཏིང་ཟབ་བྱེད་པ། དབང་པོ་སྐྱོན་ཅན་ཚོར་འབབ་འཕར་ཕྱུག་འགྱུར་ཡོང་བར“ལམ་བཟོ་ཟམ་རྒྱག”ཧུར་ཐག་བྱེད་པ། དབང་པོ་སྐྱོན་ཅན་ལ་བསམ་ཤེས་དང་། བརྩི་འཇོག རོགས་རམ་བཅས་བྱེད་པའི་སྤྱི་ཚོགས་ལས་རིགས་ཁག་གི་གོམས་སྲོལ་བཟང་པོ་དར་སྤེལ་བཏང་ནས་དབང་པོ་སྐྱོན་ཅན་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་བསྒྲུབ་རྒྱུ་ཡིན་པ་རེད།

(ཟླ་ཕུར་གྱིས་བསྒྱུར། སྤེན་ཚེས་ཞུས)