འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་26ཉིན་གནས་ཚུལ་འབྱོར་གསལ། “‘མིག་སྔའི་གཙོ་གནད་ནི་རིག་དངོས་ཡོངས་བཤེར་དང་མངོན་མིན་རིག་གནས་ཤུལ་བཞག་ཡོངས་བཤེར་གྱི་ལས་དོན་ཡག་པོ་བསྒྲུབས་ནས་སྤྱིའི་གནས་ཚུལ་མཐིལ་རྟོགས་བྱས་ཏེ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཐོན་ཁུངས་དེ་བས་མང་བའི་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་རྒྱུན་འཛིན་རང་བཞིན་གྱི་གོང་སྤེལ་ལ་སྐུལ་འདེད་གཏོང་དགོས’ཞེས་པའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་གི་སྐད་ཆ་དེ་ལས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ་ངའི་སླད་ཕྱིན་གྱི་ལས་ཀར་ཁ་ཕྱོགས་ཀྱང་གསལ་སྟོན་བྱས་བྱུང་། འགྲིགས་ཤང་ཏང་འཛུགས་སྐྱོང་གི་ཆེད་དོན་ལས་བྱེད་པ་ཡིན་པའི་ངོས་ནས་གོམ་སྟབས་རྗེས་མར་ང་ཚོས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། འགྲིགས་ཤང་གི་ལོ་རྒྱུས་རིག་གནས་ཐོན་ཁུངས་དེ་བས་མང་བ་སྔོག་འདོན་བྱ་རྒྱུ་ཡིན། གསར་གཏོད་དང་རྒྱུན་འཛིན་ཟུང་འབྲེལ་བརྒྱུད་འགྲིགས་ཀྱི་མཚོན་རྟགས་དེ་བས་མང་བ་བཏོད་དེ། ‘འགྲིགས་ཀྱི་ནོར་བུ་ལྔ’ཧི་མ་ལ་ཡའི་གང་སར་སྐད་གྲགས་ཆོད་པ་དང་། བོད་སྨན་གྱིས་ནད་པ་དེ་བས་མང་བར་རོགས་རམ་བྱེད་པ། སྲོལ་རྒྱུན་ལྷ་མོ་གར་སྟེགས་དེ་བས་ཆེ་བའི་ཐོག་འཁྲབ་སྟོན་བྱེད་པ། གངས་ལྗོངས་ས་མཐོར་སྲོལ་རྒྱུན་རིག་གནས་ཀྱི་འོད་སྟོང་འཕྲོ་བ་བཅས་བྱ་རྒྱུ་ཡིན”ཞེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་བོད་ཀྱི་ཆེད་དོན་ཚོགས་འདུར་ཐོག་མཐའ་བར་གསུམ་དུ་དོ་ཁུར་བྱེད་མཁན་གཞིས་རྩེ་གྲོང་ཁྱེར་འགྲིགས་ཤང་ཏང་འཛུགས་སྐྱོང་གི་ཆེད་དོན་ལས་བྱེད་པ་ཤེ་ཡོན་རེན་གྱིས་སླད་ཕྱིན་གྱི་ལས་དོན་ལ་གདེང་ཚོད་ཆེན་པོས་བཤད།
ཉེ་ཆར་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། སྡེ་ཁུལ་དང་གྲོང་གསེབ་བཅས་གང་སར། རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚང་མས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་བོད་ཀྱི་ཆེད་དོན་ཚོགས་འདུར་ཚད་མཐོའི་དོ་ཁུར་བྱེད་པ་དང་། “དུས་རབས་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོའི་ངོ་སྤྲོད་ལ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད་ལ། བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་73སོང་རིང་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་སྤོབས་པ་ཆེན་པོ་སྐྱེས་ཡོད། ཡོངས་བསྒྲགས་ཚོགས་འདུའི་ཐོག་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་བོད་ལ་དེ་བས་ལེགས་པའི་ངོས་འཛིན་དང་ཤེས་རྟོགས་ཐུབ་པས་ང་ཚོར་སེམས་ཤུགས་ཆེན་པོ་སྐྱེས་བྱུང་ལ་སྐུལ་མའང་ཆེན་པོ་ཐེབས་བྱུང་། སླད་ཕྱིན་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། ཤུགས་སྐྱེད་སྟོབས་སྤེལ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་དུས་ཚོད་ཀྱིས་མིར་མི་སྒུག་པའི་ཁ་ཚ་དགོས་གཏུག་གི་བསམ་པ་དང་འབད་བརྩོན་དང་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབད་བརྩོན་ཆེན་པོས་རྩོམ་རྒྱུ་ཡིན་ཞེས་ཚང་མས་གཅིག་རྗེས་གཉིས་མཐུད་ངང་བཤད།
“ང་ཚོས་ཀྲུང་ཧྭའི་རིག་གནས་བང་མཛོད་ལ་སྲུང་སྐྱོང་ཡག་པོ་བྱེད་པ་དང་ཆབས་ཅིག ལས་དོན་གྱི་འདུ་ཤེས་སྔར་བས་གསར་གཏོད་དང་ལས་ཀའི་གཞི་རྟེན་ལེགས་སུ་བཏང་ནས་བོད་ཀྱི་རིག་གནས་བྱ་གཞག་སྔར་བས་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན”ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཚེ་དབང་གིས་གསར་འགྱུར་ཡོངས་བསྒྲགས་ཡོངས་འདུར་བལྟས་རྗེས་གསར་འགོད་པར“བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་73སོང་རིང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ནག་ཆུ་གྲོང་ཁྱེར་གྱིས་རིག་གནས་ཀྱི་ནང་དོན་ཟབ་མོར་བརྟེན་ནས་ས་མཐོའི་ཕུལ་བྱུང་ཁྱད་ལྡན་རིག་གནས་རྒྱུན་འཛིན་གསར་གཏོད་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་རྒྱུན་མཐུད་བཏང་བ་དང་། 《ནག་ཆུ་གྲོང་ཁྱེར་གྱི་རིག་གནས་ཐོན་ལས་འཕེལ་རྒྱས་འཆར་འགོད(2023ལོ་ནས་2030ལོའི་བར)》བཟོས་ནས། ‘འོད་སྟོང་འཕྲོ་བའི་བྱང་ཐང’གི་རིག་རྩལ་བརྩམས་ཆོས་གསར་རྩོམ་མཁོ་སྤྲོད་འདུ་འགོད་ལག་བསྟར་བྱས་པ་དང་། གར་སྟེགས་འཁྲབ་སྟོན་ཆེ་གྲས《གླིང་སྒྲུང》དང《སྙན་གཞུང》དང་། གླུ་བྲོའི་ཟློས་གར《བྱང་ཐང》སོགས་རིག་གནས་ཐོན་ལས་རྣམ་གྲངས་གཙོ་བོར་སྐུལ་འདེད་མགྱོགས་མྱུར་བཏང་བ། 《རྨི་ལམ་ནང་གི་སུམ་པའི་བུད་མེད་རྒྱལ་ཁབ》སོགས་བརྩམས་སྒྲུང་རིང་པོའི་དེབ་བཏོན་པ། ‘ཕྱིར་སྐྱོད’རྣམ་པའི་ཐོག་ནས་ནག་ཆུའི་སྲོལ་རྒྱུན་སྒོར་གཞས་སྤེལ་རེས་འགྲེམས་འཁྲབ་བྱེད་སྒོ་སྤེལ་བ་བཅས་བྱས་ཏེ་མང་ཚོགས་རིག་གནས་ནང་ཞུགས་པའི་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད”ཅེས་བཤད།
ཡོངས་བསྒྲགས་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཅིང་། མི་དམངས་མང་ཚོགས་ཀྱིས་རིག་གནས་མཉམ་སྤྱོད་བྱེད་པ་དང་རིག་གནས་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་ཞབས་འདེགས་ཞུ་དགོས་པ་བཏོན་ཡོད། དེའི་ཐད་བོད་ལྗོངས་མི་རིགས་སློབ་ཆེན་གྱི་འཆད་ཁྲིད་དགེ་རྒན་ཀྲུའུ་ཡ་ཁྲེང་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་གིས“བོད་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ས་གཞིར་བོད་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་འོད་སྟོང་འཕྲོ་བ་ཞིག་ཡོད་པས། ལོ་རྒྱུས་རིག་གནས་ཀྱི་ནང་དོན་ཟབ་ལ་བོད་རིགས་མི་དམངས་ཀྱི་དཔའ་ངར་དང་བློ་གྲོས་ཀྱང་མངོན་ཡོད། སྦེ་ག་དང་། རྟ་རྒྱུག བེ་ཤུ། སྒོར་གཞས་སོགས་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ལས་ལུས་པོར་སྦྱོང་བརྡར་ཐེབས་པ་མ་ཟད། བོད་རིགས་མི་དམངས་ཀྱི་ཕུལ་བྱུང་གཤིས་རྒྱུད་དང་བསམ་བློའི་གོ་རྟོགས་ཀྱང་རྒྱུན་འཛིན་ཐུབ་ཡོད། བོད་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་སློབ་ཁྲིད་བྱེད་མཁན་གཞོན་ནུ་དགེ་རྒན་ཞིག་གི་ངོས་ནས་སླད་ཕྱིན་གྱི་ལུས་རྩལ་སློབ་ཁྲིད་ཁྲོད་ངས་མཚོན་བྱེད་རང་བཞིན་གྱི་བོད་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་བདམས་ནས་ལུས་རྩལ་སློབ་ཁྲིད་ནང་འཇུག་རྒྱུ་ཡིན། བོད་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་ཀྱི་ལོ་རྒྱུས་རིན་ཐང་དང་། རིག་གནས་ཀྱི་དོན་སྙིང་། སྤྱི་ཚོགས་ཀྱི་ནུས་པ་སོགས་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་སྟེ་སློབ་མ་ཚོས་བོད་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་གལ་ཆེའི་རང་བཞིན་ངོས་འཛིན་ཐུབ་པར་བྱ་རྒྱུ་ཡིན། དེ་དང་དུས་མཚུངས། བོད་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་དང་འབྲེལ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཁག་གཅིག་སྒྲིག་འཛུགས་བྱས་ནས་སློབ་མ་ཚོ་དེའི་ནང་ཞུགས་དུས་བོད་རིགས་རིག་གནས་ཀྱི་དམིགས་བསལ་གྱི་ངོ་མཚར་མྱོང་ཚོར་ཐུབ་པར་བྱས་ཏེ། ཁོང་ཚོའི་རིག་གནས་ཀྱི་གདེང་ཚོད་ཆེ་རུ་དང་རྒྱུན་འཛིན་གྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་ཡིན”ཞེས་བཤད།
(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)