འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། “བོད་ནི་འཛམ་གླིང་གི་ཡུལ་སྐོར་དམིགས་ས་ཡིན་པས་དེར་དམིགས་བསལ་གྱི་རང་བྱུང་ཡུལ་ལྗོངས་དང་མི་རིགས་རིག་གནས་ཡོད། ན་ནིང་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་5517ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་651ཟིན་ཏེ་83.7%དང་60%སོ་སོར་འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པའི་ནང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཁོ་ན་མི་ཁྲི་2ཙམ་ཡོད། འདི་ལོའི་དུས་ཚིགས་དང་པོར་ཕྱི་རྒྱལ་བ་4300ལྷག་ཙམ་ཟིན་ནས་ཡུལ་སྐོར་ལས་རིགས་དེ‘དམངས་ཕྱུག་ཐོན་ལས’དངོས་འབྲེལ་ཞིག་ཏུ་གྱུར་ཡོད” ཟླ་5ཚེས་23ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་པེ་ཅིང་དུ“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སྐོར་གྱི་ནང་དོན་ཐད་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད།
“མངའ་རིས་ས་ཁུལ་གྱི་རིག་གནས་ཡུལ་སྐོར་ལས་དོན་པ་ཞིག་ཡིན་པའི་ངོས་ནས་བོད་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་སྐོར་གྱི་འཆར་འགོད་ཐོས་རྗེས་ང་རང་ཧ་ཅང་དགའ་པོ་བྱུང”ཞེས་མངའ་རིས་ས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་གཞོན་པ་གོ་ཅེ་ཡིས་བཤད།
གོ་ཅེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། 2023ལོར་མངའ་རིས་ས་ཁུལ་གྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་185.01ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་19.71བྱུང་བ་དེ་དུས་མཚུངས་ལས་97.4%དང་89.6%སོ་སོར་འཕར་ཡོད། དེས་མ་ཚད་འདི་ལོའི་ཟླ་5ཚེས་5ཉིན་བར། མངའ་རིས་ས་ཁུལ་གྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་322925ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་2.58ཟིན་པ་དེ་དུས་མཚུངས་ལས་20.2%དང་28.3%འཕར་ནས་ཡུལ་སྐོར་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་ཡོད། དེ་དང་ཆབས་ཅིག 2023ལོར་མངའ་རིས་ས་ཁུལ་གྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཀྱང་མགྱོགས་མྱུར་འཐུས་སྒོ་ཚང་དུ་ཕྱིན་ནས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་6ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་བར་དངུལ་འབོར་སྒོར་དུང་ཕྱུར་1.46བཏང་ནས་རྣམ་གྲངས་ཚང་མ་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད་པ་རེད།
ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གི་བཀྲ་ཤིས་སྒང་གྲོང་ཚོ་ནི་རིའི་འདབས་སུ་ཆགས་པ་དང་། ཡུལ་མིའི་སྡོད་ཁང་གྲལ་འགྲིག་ལ་ཕྱོགས་བཞི་མཚམས་བརྒྱད་སྔོ་ལྗང་གིས་བཏུམས་པའི་ཁར། གྲོང་ཚོའི་རྒྱབ་ཏུ་སྔོ་ཐིང་ཐིང་གི་ཀླུ་ནང་ནགས་ཚལ་ཡོད་པ་དང་མདུན་དུ་གཙང་ཆུ་སྔོན་མོ་ལྷུང་ལྷུང་དུ་འབབ་བཞིན་མཐར་ཡར་ཀླུང་གཙང་པོ་དང་འདྲེས།
མིག་སྔར་བཀྲ་ཤིས་སྒང་གྲོང་ཚོའི་དུད་ཚང་67ནང་དུད་ཚང་51གིས་ཁྱིམ་ཚང་མགྲོན་ཁང་གཉེར་ཞིང་། གྲོང་མི་ཚོས་བོད་ཟས་བཟོ་བ་དང་། ཡུལ་ཟོག་འཚོང་བ། མདའ་འཕེན་ས་དང་། རྟ་བཞོན་ས་འཛུགས་པ་སོགས་ཉམས་ལེན་ཞབས་ཞུར་བརྟེན་ནས་ཡུལ་སྐོར་གྱི་ཡོང་འབབ་རག་ཐབས་བྱས་ཏེ་ཡུལ་སྐོར་བ་འབོར་ཆེན་གྱི་ཡིད་དབང་རབ་ཏུ་བཀུག་གི་ཡོད། གྲོང་མི་སྒྲོལ་མ་ལྷ་མོས་རང་ཁྱིམ་གྱི་དམངས་སྲོལ་གནས་ཚང་ནང་བསྡུ་གསོག་རྒྱག་ཞོར་དུ་གསར་འགོད་པར“སྔོན་ཆད་ང་ཚོ་མི་སེར་གྱིས་གཙོ་བོ་རི་ནས་མེ་ཤིང་བཅད་དེ་འཚོ་ཐབས་བྱེད་ཀྱི་ཡོད་པས་ཡོང་འབབ་ཉུང་ལ་ཁོར་ཡུག་ལ་ཡང་གཏོར་བཤིག་ཐེབས་ཀྱི་ཡོད། ད་ཆ་མཐའ་འཁོར་གྱི་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱུང་བས་ཡུལ་ལྗོངས་མཛེས་སུ་དང་ཡུལ་སྐོར་བ་མང་དུ་ཕྱིན་ཡོད་ལ་ཡོང་འབབ་ཀྱང་དེ་བས་མང་དུ་ཕྱིན་ཡོད། སླད་ཕྱིན་ང་ཚོས་ཧུར་ཐག་འབད་ཐག་གིས་ཡུལ་དེ་གའི་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་མུ་མཐུད་བྱས་ནས་ཡུལ་སྐོར་བས་ཐུན་མིན་གྱི་རང་བྱུང་མཛེས་ལྗོངས་དང་དམངས་སྲོལ་རིག་གནས་མྱོང་ཚོར་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད།