《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年05月28日

བོད་འདི་ཉིད་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་སྐྱོད་པ།

འོད་ཟེར་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། དབྱང་ཐུང་ཐུང་། ཀརྨ་རྡོ་རྗེ།

བོད་ཀྱི་སློབ་གྲྭ་ཆེ་མོ་བ་བསྟན་འཛིན་སྒྲོལ་དཀར་ཧུའུ་ནན་ཀྲུའུ་ཀྲོའུ་རུ་ལས་ཀ་རག་ནས་ཧུའུ་ནན་གྱི་སྐད་ཤེས་པ་མ་ཟད། ཧུའུ་ནན་གྱི་ཕོ་གསར་ཞིག་དང་གཉེན་སྒྲིག་བྱས་པ་རེད། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་གྲོང་ཚོའི་གྲོང་མི་ཆོས་ཡོན་གྱི་ཁྱིམ་ཚང་སྐྱེ་ཁམས་ཡུལ་སྐོར་གྱི་སྣེ་ཁྲིད་འོག 2023ལོར་དམངས་སྲོལ་གནས་ཚང་གཉེར་བ་ཁོ་ནར་ཡོང་འབབ་སྒོར་ཁྲི་8ཟིན་ཡོད། ཧི་མ་ལ་ཡའི་བྱང་འདབས་སུ་གནས་པའི་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་འཐུས་གྲོང་ཚོར་ས་བབ་མཐོ་ཚད་སྨི་5070ཡོད་པ་དང་གྲོང་ཚོའི་སློབ་གྲྭ་ཆེ་མོ་བ་དང་པོ་ཡིན་པའི་རྡོ་དབང་གིས་ཕ་ཡུལ་དུ་ལོག་ནས་འགྲུལ་ཁང་གཉེར་བ་དང་མིང་ལ“5070”ཞེས་བཏགས་པ་རེད།

ཟླ་5ཚེས་23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”རིམ་སྤེལ་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་ལམ་བུའི་ཐོག་གི་བོད་ཀྱི་གསོན་ཉམས་ལྡན་པའི་གཏམ་རྒྱུད་རེ་རེ་བཞིན་མཉམ་སྤྱོད་གནང་བ་རེད། ཡན་ཅིན་ཧའེ་ཡིས“བོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་དེར་དམ་འཛིན་ནན་པོ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། ནུས་ལྡན་གྱི་མ་འཇོག་བྱེད་ཚད་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ། འཛད་སྤྱོད་ཀྱི་སྤུས་འབྲས་ལེགས་གཉེར་བྱེད་མགྱོགས་སུ་གཏོང་བ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་པ་ཧུར་ཐག་བརྩམས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན”ཞེས་གསུངས་པ་རེད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱད་ཆོས་མངོན་པར་བྱས་པ།

“ཉེ་བའི་ལོ་ཤས་རིང་ང་ཚོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐྱེ་ཁམས་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད། ནུས་རྒྱུ་གཙང་མ་དང་གྲངས་འཛིན་དཔལ་འབྱོར་སོགས་ལྗང་མདོག་ཐཱན་ཉུང་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ་དང་ལྷག་པར་དུ་རིག་གནས་ཡུལ་སྐོར་ལས་རིགས་ཀྱིས་ཐོག་མཐའ་བར་གསུམ་དུ་གདོད་མའི་རྣམ་པ་དེ་རང་ཉིད་ཀྱི་ཆེས་བཀྲག་མདངས་འཚེར་བའི་མིང་བྱང་དུ་བརྩི་གི་ཡོད”བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་དབང་ཞའོ་ཏུང་གིས“མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་ཕུགས་འདུན་གསར་པར་རྒྱང་ལྟ་བྱས་ཏེ། ང་ཚོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་མགྱོགས་སུ་བཏང་ནས‘མཛེས་པ་ལྔ་མཉམ་སྐྲུན’ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་གི་ཡིན”ཞེས་ངོ་སྤྲོད་བྱས་པ་རེད།

མཛེས་ལྔ་གང་དག་ཡིན་ནམ། དབང་ཞའོ་ཏུང་གིས་ཚོགས་འདུའི་ཐོག་རེ་རེ་བཞིན་ངོ་སྤྲོད་བྱས་པ་སྟེ། བོད་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་མཛེས་པ་གང་ལེགས་མངོན་པར་བྱས་ནས་རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་གྱི་རྣམ་པ་རྒྱུན་མཐུད་ལེགས་སུ་བཏང་སྟེ་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་ལྗང་མདོག་འཚོ་བ་སྐྱེལ་སྟངས་བསྒྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། བོད་ཀྱི་ཁོར་ཡུག་སྤུས་ཚད་མཐོར་གཏོང་གི་མཛེས་པ་དེ་བས་ལྡན་པར་བྱས་ཏེ་ཚད་གཞི་དེ་བས་མཐོ་བའི་ཐོག་ནས་ནམ་མཁའ་གཡའ་དག་པ་དང་། ཆུ་མོ་དྭངས་གཙང་། ས་གཞི་རྡུལ་དག་པ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ཡག་པོ་བརྒྱབ་སྟེ་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཕན་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། བོད་ཀྱི་རང་བྱུང་སྐྱེ་ཁམས་ཀྱི་མཛེས་པ་སྲུང་སྐྱོང་ཡག་པོ་བྱས་ནས་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་སྤྱི་འདོམས་བྱེད་པ་དང་བྱང་ཐང་རྒྱལ་ཁབ་སྤྱི་གླིང་དང་ཇོ་མོ་གླང་མའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ། ས་མཐོའི་དམིགས་བསལ་ཁྱད་ཆོས་ལྡན་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་དང་། མཛེས་སྡུག་ལྡན་པའི་མཚོ། མཛེས་སྡུག་ལྡན་པའི་འཁྱགས་རོམ་སོགས་མཛེས་སྡུག་ལྡན་པའི་ཐོན་རྫས་རབ་དང་རིམ་པ་ཁག་གཅིག་ཧུར་ཐག་གཏོད་རྒྱུ་རེད།

“ད་དུང་བོད་ཀྱི་སྐྱེ་ཁམས་ཞི་མཐུན་མཛེས་པ་སྲུང་སྐྱོང་དང་བོད་ཀྱི་ཁྲིམས་བཟང་སྐྱོང་མཁས་ཀྱི་མཛེས་པ་འཛུགས་སྐྱོང་བྱེད་རྒྱུ་རེད། ལྗང་མདོག་ཐོན་ཁུངས་སྣ་ཚོགས་སྤྱི་འདོམས་བྱེད་པ་དང་སྐྱེ་ཁམས་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱས་ཏེ་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། འཁྱགས་རོམ་ཐོན་ཁུངས་སྲུང་སྐྱོང་དང་། ཆུའི་སྦགས་བཙོག་འགོག་བཅོས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་སོགས་ས་གནས་ཀྱི་ཁྲིམས་འཛུགས་འཕེལ་རིམ་མགྱོགས་སུ་གཏོང་བ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་དམངས་ཡོངས་ཀྱིས་མཉམ་སྐྲུན་དང་། མཉམ་སྐྱོང་། མཉམ་སྤྱོད་བཅས་ལ་སྐུལ་འདེད་གཏོང་རྒྱུ་རེད”ཅེས་ཝང་ཞའོ་ཏུང་གིས་བརྗོད།

མ་འཇོག་དང་། འཛད་སྤྱོད། ཕྱི་ཕྱོགས་ཚོང་དོན་བཅས་ཀྱིས་མཉམ་དུ་ནུས་ཤུགས་འདོན་པ།

2023ལོར་བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2400ཙམ་ཟིན་ནས་འཕར་ཚད་9.5%ཟིན་ཡོད། “མ་འཇོག་ནི་སྔར་བཞིན་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་ཡིན་པ་དང་། འཛད་སྤྱོད་ནི་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུ་རྡོ་ལྟ་བུར་གྱུར་བ། སྒོ་དབྱེ་ནི་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན”ཞེས་ཡན་ཅིན་ཧའེ་ཡིས་མ་འཇོག་དང་། འཛད་སྤྱོད། ཕྱི་ཕྱོགས་ཚོང་དོན་བཅས་ཀྱིས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཐོན་པའི་ནུས་པ་གླེང་སྐབས་དེ་ལྟར་གསུངས་པ་རེད།

ཡན་ཅིན་ཧའེ་ཡིས་ངོ་སྤྲོད་གནང་བར། མ་འཇོག་ཐད་2023ལོར་བོད་ཀྱིས་ཀྲུང་དབྱང་སྲིད་གཞུང་གི་མ་དངུལ་སྒོར་དུང་ཕྱུར་800ལྷག་ཙམ་དོན་འཁྱོལ་བྱས་པ་དང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་35%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། 2024ལོའི་ཟླ་བ་དང་པོ་ནས་བཞི་པའི་བར་བོད་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་27.9%འཕར་བ། དམངས་ཁྲོད་ཀྱི་མ་འཇོག་18.6%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། འཛད་སྤྱོད་ཐད“བདེ་སྐྱིད་ལྡན་པའི་བོད་ལྗོངས། སྤྲོ་སྣང་ལྡན་པའི་འཛད་སྤྱོད”ཀྱི་ཆེད་དོན་བྱ་སྤྱོད་ལག་བསྟར་བྱས་ནས་འཛད་སྤྱོད་སྒོར་དུང་ཕྱུར་32ལྷག་ཙམ་ཟིན་པར་ཐད་ཀར་སྐུལ་ཁྲིད་བྱས་ཡོད། 2023ལོར་བོད་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་21%འཕར་ནས་འཕར་བའི་མྱུར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཕྱི་ཕྱོགས་ཚོང་དོན་ཐད་2023ལོར་བོད་ཀྱིས་རྒྱལ་ཁབ་དང་ས་ཁུལ་175དང་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་བྱས་ནས་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་138.3%འཕར་ཡོད། 2024ལོའི་ཟླ་བ་དང་པོ་ནས་བཞི་པའི་བར་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་28ཟིན་ནས་201.7%འཕར་ཡོད།

ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་བཏང་བ།

བོད་ལ་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་དང་རང་ངོས་འཕེལ་རྒྱས་ཀྱི་ཆ་རྐྱེན་ལྡན་པས་ཡུལ་བབ་དང་བསྟུན་ནས་གཙོ་གནད་མངོན་གསལ་དོད་པོས་རིག་གནས་ཡུལ་སྐོར་དང་། ཁྱད་ལྡན་ཞིང་འབྲོག་ལས། མཐོ་གསར་གྲངས་འཛིན། བོད་ལུགས་གསོ་རིག་དང་བོད་སྨན་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱུན་མཐུད་སྟོབས་ཆེར་བཏང་ནས་ས་མཐོའི་ཡང་བའི་བཟོ་ལས་སོགས་གསར་དར་ཐོན་ལས་མགྱོགས་མྱུར་སྐྱེད་སྲིང་བྱས་ཏེ་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་བཏང་ཡོད།

བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཝང་ཉན་ཏུང་གིས། བོད་ལ་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་ལོ་ལྟར་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་མ་འཇོག་བཅུ་ཆ་གསུམ་ནུས་རྒྱུ་གཙང་མའི་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཐད་སྤྱོད་པ་དང་། མིག་སྔར་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་2414ཟིན་པའི་ནང་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་95%ལས་བརྒལ་ཡོད། ཚན་རྩལ་གྱི་ནུས་པར་བརྟེན་ནས་ནས་དང་། འབྲི་གཡག ལུག བོད་ཕག བོད་བྱ་སོགས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་དང་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས“བོད་ནས་ཨང་3000”སོགས་ནས་ཀྱི་ཐོན་མཐོའི་སྣ་ཁ་གསར་པ་7དང་དེ་བཞིན་བལ་རྒྱུ་ཅུང་འཇམ་པའི་ལུག་དང་བོད་བྱ་དཀར་པོ་སོགས་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་པ་གསར་པ་མང་པོ་འདེམས་གསོ་བྱེད་པ། “བོད་ལུགས་གསོ་རིག་གི་ལུམས་བཅོས”མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་ཀྱི་མིང་གཞུང་ནང་བཅུག་ཡོད། 《རྒྱུད་བཞི》ཡང《འཛམ་གླིང་དྲན་ཤེས་མིང་གཞུང》ནང་བཅུག་ཡོད། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐོན་ལས་ཁེ་ལས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་31ཟིན་ནས་23.8%འཕར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

“ང་ཚོས་མ་དངུལ་གཏོང་ཤུགས་དང་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས་ཆུ་དང་། གློག ལམ། འཕྲིན་གཏོང་བཅས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་གཏོང་། སྲིད་ཇུས་ཀྱི་ལེགས་ཆ་འདོན་སྤེལ། ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན། ས་ཁོངས་ཀྱི་ལེགས་ཆ་མངོན་པ། རྗེས་ཐོན་ཁྱད་ཡོན་ཡག་པོ་སྤྱོད་པ། དཔལ་འབྱོར་འཁོར་རྒྱུག་ཤར་བགྲོད་བཅས་བྱས་ཏེ་ལེགས་ཆ་ཁག་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱེད་ཀྱི་ཡིན”ཞེས་ཝང་ཉན་ཏུང་གིས་བརྗོད་པ་རེད།

(《འོད་ཟེར་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས་པ)

(ལྷག་པ་ཚེ་རིང་དང་པ་སངས་ཕན་ཐོགས་ཀྱིས་སྒྱུར་ཞུས་བྱས)