《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月27日

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་བོད་ཀྱི་ཆེད་དོན་ཚོགས་འདུར་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་24ཉིན་གནས་ཚུལ་འབྱོར་གསལ། ཟླ་5ཚེས་23ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་པེ་ཅིང་དུ“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས“དུས་རབས་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་བགྲོད་རྒྱང་འཁྱོལ་ལ་སྐུལ་འདེད་གཏོང་བར”དམིགས་ནས་གནས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྟ་ཉན་བྱས་རྗེས་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་73སོང་བའི་རིང“དུས་ཐུང་ལོ་བཅུ་གྲངས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི”མི་ཡུལ་གྱི་ངོ་མཚར་བཏོད་ཡོད་པས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ནས“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་དམ་འཛིན་ཏན་ཏིག་བྱེད་པ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་ཞེས་གཅིག་མཇུག་གཉིས་མཐུད་ངང་བརྗོད་པ་རེད།

“གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཞིབ་ཚགས་ཀྱི་གྲངས་གཞི་དང་སོན་ཉམས་དོད་པའི་དཔེ་མཚོན་སྤྱད་དེ་འཛམ་གླིང་སྐྱེ་བོ་ཀུན་ལ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་དང་མངོན་གསལ་དོད་པའི་འགྱུར་ལྡོག་མངོན་པར་བྱས་པས་མི་རྣམས་ཀྱི་ངར་སེམས་འཕེལ་བ་དང་ལྕག་སྐུལ་ཡང་ཆེན་པོ་ཐེབས་ཡོད”ཅེས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐད་གཏོང་བལྟས་ཚར་བའི་གམ་པ་རྫོང་ཨུད་ཀྱི་རྒྱུན་ཨུ་དང་གམ་པ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་མིང་དབྱང་གིས་བཤད། ལི་མིང་དབྱང་གིས་གམ་པ་མཐའ་མཚམས་ཀྱི་འཐབ་ས་དང་པོར་གནས་པའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་བ་དང་། “མཉམ་སྤེལ་ལྔ་དང་སྲ་བརྟན་ལྔ”མུ་མཐུད་གཏིང་ཟབ་ཏུ་གཏོང་བ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མཉམ་འགོག་མཉམ་བཅོས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་མཐའ་སྲུང་དང་། མཐའ་དར། དམངས་ཕྱུག་བཅས་ལ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་གི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཡོངས་བསྒྲགས་ཚོགས་འདུའི་ཐོག་བོད་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་རང་ངོས་འཕེལ་རྒྱས་ཀྱི་ཆ་རྐྱེན་ལ་གཞི་ཚུགས་ནས་ཐོན་ལས་གསར་པ་དང་། རྣམ་པ་གསར་པ། སྒུལ་ཤུགས་གསར་པ་བཅས་གོང་འཕེལ་གཏོང་རྒྱུར་གདམ་ག་ཡོད་པའི་སྒོ་ནས་སྐུལ་འདེད་བཏང་སྟེ་རིག་གནས་ཡུལ་སྐོར་དང་། ཁྱད་ལྡན་ཞིང་འབྲོག མཐོ་གསར་གྲངས་འཛིན། བོད་ཀྱི་གསོ་བ་རིག་པ་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱུན་མཐུད་ངང་སྟོབས་ཆེར་བཏང་ནས། ས་མཐོའི་ཡང་བའི་བཟོ་ལས་སོགས་གསར་དར་ཐོན་ལས་མགྱོགས་མྱུར་སྐྱེད་སྲིང་བྱས་ཏེ་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་བཏང་ཡོད་ཅེས་གསུངས་ཡོད། ཉེ་བའི་ལོ་ཤས་རིང་། ཆུ་ཤུར་རྫོང་གིས་བཞོན་མ་གསོ་ཚགས་ར་བ་ཚད་ལྡན་ཅན་དང་། དེང་རབས་ཅན། གཞི་ཁྱོན་ཅན་བཅས་འཛུགས་སྐྲུན་བྱེད་པར་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་། བཞོན་མ་གསོ་ཚགས་ལས་རིགས་འཕེལ་རྒྱས་མགྱོགས་པོ་ཕྱིན་ཏེ“འོ་མའི་ལས་རིགས་དར་རྒྱས”ཀྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་ཁྲིད་ཐུབ་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་འགན་ལེན་དེ་བས་ཐུབ་ཡོད། མིག་སྔར། རྫོང་ཡོངས་སུ་གཞི་ཁྱོན་ལྡན་པའི་བཞོན་མ་གསོ་ཚགས་ར་བ་3དང་གསོ་ཚགས་དུད་ཚང་ཆེ་གྲས་དང་མཉམ་ལས་ཁང་5ཡོད་པ་རེད། བུ་ཆུང་གནས་སའི་ཆུ་ཤུར་ཚ་རགས་ཤང་དཔལ་གླིང་གྲོང་ཚོར་མིག་སྔར་བཞོན་མ་གསོ་སྤེལ་དང་འབྲེལ་བའི་དུད་ཚང་21ཡོད་པ་དང“དུད་ཚང་དབྱེ་ནས་གསོ་ཚགས་དང་། གཅིག་སྡུད་གསོ་ཚགས། གཅིག་གྱུར་དོ་དམ། གཅིག་གྱུར་གཉེར་སྐྱོང”བཅས་ཀྱི་རྣམ་པ་ཞིག་ཆགས་ཡོད། བཞོན་མ་གསོ་ཚགས་ར་བ་རིམ་བཞིན་རྒྱས་སྐྲུན་བྱས་པས་མང་ཚོགས་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད། བུ་ཆུང་གིས་ཐོན་ཁུངས་ཀྱི་ལེགས་ཆ་དང་རང་ངོས་འཕེལ་རྒྱས་ཀྱི་ཆ་རྐྱེན་ལ་གཞི་ཚུགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་དམ་འཛིན་ནན་པོ་བྱས་ཏེ། ཚན་རིག་དང་མཐུན་པའི་གསོ་སྤེལ་ཐད་མུ་མཐུད་འབད་བརྩོན་བྱས་ནས་བཞོན་མ་གསོ་ཚགས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཡག་པོ་གཏོང་གི་ཡིན་ཞེས་བཤད།

“ཡོངས་བསྒྲགས་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི‘སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ’དེ་རེད། ངས་བལྟས་ན་སློབ་གསོ་དེང་རབས་ཅན་ནི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་དོན་སྙིང་ཞིག་རེད། སློབ་གསོའི་ལས་དོན་པ་ཞིག་གི་ངོས་ནས་ང་ཚོས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དེ་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ནས‘བློས་འགེལ་ཆོག་པ་དང་། སྤྱོད་ཐུབ་པ། གནས་ཐུབ་པ’བཅས་ཀྱི་བྱང་ཚད་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་དེ་བས་མང་བ་གསོ་སྐྱོང་བྱེད་རྒྱུ་དམིགས་ཡུལ་དུ་བཟུང་ནས་ཤེས་ལྡན་པ་རང་རྟེན་གསོ་སྐྱོང་གི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ‘འཛུགས་གཏོད་བཞི’དང‘མདུན་གྲལ་དུ་སླེབས་པ་བཞིར’སྐུལ་འདེད་གཏོང་ཆེད་ཤེས་ལྡན་པའི་འདེགས་སྐྱོར་ཐུབ་པ་བྱེད་དགོས་ཞེས་བཤད།

(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)