《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年05月26日

སེམས་ཀྱི་རང་བཞིན།

གངས་ཆབ་ལྷ་སྲས།

སེམས་ཀྱིས་ཞོགས་པའི་སྐྱ་རེངས་སྤྲོ་བས་བསུས། །

སེམས་ཀྱིས་ཕྱི་དྲོའི་མཚམས་སྤྲིན་འཛུམ་གྱིས་བསྐྱལ། །

སེམས་ཀྱིས་ཉིན་གཅིག་དགའ་སྐྱོ་དུ་མར་བརྗེས། །

སེམས་འདི་འགྱུར་ལྡོག་རྒོད་པས་ཡིད་རྟོན་ཅི། །

སེམས་ཀྱིས་དམ་ཚིག་འོ་མའི་ཁ་དོག་བསྲུངས། །

སེམས་ཀྱིས་མི་འགྱུར་དམ་བཅའི་རི་མོ་བྲིས། །

སེམས་ནས་འདྲིས་པའི་མི་ལ་ཕྱི་ཐག་རིང་། །

སེམས་འདིར་བློ་སྙིང་གཏད་ན་འཕྱུགས་པ་ཅི། །

སེམས་ཀྱིས་རྒྱུ་ནོར་བདག་ཏུ་བཟུང་བར་བྱས། །

སེམས་ཀྱིས་རང་དོན་ཁོ་ནས་ལམ་ཞིག་བཟོས། །

སེམས་ཀྱིས་ཅི་དྲན་ལུས་དེའི་རྗེས་སུ་འབྲངས། །

སེམས་འདིས་སྡུག་བསྔལ་བསྐྱེད་པ་མི་ཉུང་ངོ་། །

སེམས་ཀྱིས་མི་ཆོས་རྩ་བའི་གནས་ལུགས་རྟོགས། །

སེམས་ཀྱིས་ཀུན་ལ་ཕན་བདེ་བསྐྲུན་པ་ཡིན། །

སེམས་ཀྱིས་འཚོ་བར་སྤྲོ་སྣང་བདེ་སྐྱིད་སྦྱིན། །

སེམས་འདིས་བདེ་བའི་གནས་སུ་ཁྲིད་པ་མང་། །

སེམས་པ་བཟང་པོས་མི་ཚེ་རྫོགས་ཐུབ་ན། །

སེམས་ནས་ཅི་བྱས་བདེ་བའི་དངོས་རྒྱུ་ཡིན། །

སེམས་པ་ལོག་པའི་ལམ་དུ་ཞུགས་གྱུར་ན། །

སེམས་འདིས་རང་གཞན་གཉིས་ཀ་ཕུང་བར་བྱེད། །

སེམས་པ་བག་ཡངས་ངང་ནས་འཚོ་ཐུབ་ན། །

སེམས་ཀྱི་འཇིག་རྟེན་འདི་ནི་དག་ཞིང་འདྲ། །

སེམས་ཁམས་མི་དྭངས་མུན་གྱིས་བཅོམ་གྱུར་ན། །

སེམས་ཀྱི་འཇིག་རྟེན་མྱ་ངམ་ཐང་དང་འདྲ། །

སེམས་པས་དབུལ་ཕོངས་དུས་སུ་རྐུ་བྱས་ཤིང་། །

སེམས་ཀྱིས་ལྟོ་བ་རྒྱགས་དུས་ཕན་པའང་བསྒྲུབས། །

སེམས་འདི་ངོས་གཉིས་མངའ་བའི་རང་བཞིན་ཡིན། །

སེམས་པས་སེམས་པ་གཅུན་ཏེ་རང་ཚུགས་ཟིན། །

སེམས་པ་ཨ་མ་བཀོད་འདོམས་དཔོན་དང་འདྲ། །

སེམས་བྱུང་དུ་མ་རྗེས་འབྲང་དམག་ལ་འཁུ། །

སེམས་ཀྱིས་རང་གཞན་འདུན་མ་འགྲུབ་ཕྱིར་དུ། །

སེམས་བྱུང་གཅིག་ཏུ་བསྒྲིལ་ཏེ་བསྐྱོད་དགོས་སོ། །