《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年05月26日

མྱང་སྟོད་ཤེལ་དཀར་རྒྱལ་རྩེར་འབྱོར་རྗེས།

—— རྒྱལ་རྩེ་མཐོ་འབྲིང་དུ་ལས་གནས་འཕོས་རྗེས་ཀྱི་ཐོག་མའི་བསམ་ཚུལ།

རྒོད་སྐྱེས།

གཞིས་རྩེ་གྲོང་ཁྱེར་ཐད་གཏོགས་མཐོ་རིམ་སློབ་འབྲིང་ཁག་གི་སློབ་སྤྱིའི་དཔུང་ཁག་གི་ལས་གནས་ལ་སྐབས་བསྟུན་གང་འཚམ་གྱི་འགྱུར་བ་བྱུང་བ་དང་བསྟུན་ནས། རང་ཉིད་ཀྱིས་ཀྱང་གཞིས་རྩེ་གྲོང་ཁྱེར་མཐོ་འབྲིང་བཞི་པར་ཞལ་གྱེས་ཞུས་ཏེ་རེ་བ་དང་དགོས་མཁོ་སྟོང་གིས་ཕྱུག་པའི་ལས་གནས་གསར་པའི་ལམ་སྣེ་འདྲེན་རྒྱུའི་བཀའ་མངགས་དང་དུ་བླངས་པ་ཡིན།

ད་ཐེངས་སློབ་སྤྱིའི་དཔུང་ཁག་གི་ལས་གནས་ལ་འགྱུར་བ་ཅུང་ཆེ་བའི་རྒྱུ་མཚན་ནི་ཏང་གི་སློབ་གསོའི་མཛད་ཕྱོགས་སྲིད་ཇུས་དང་། དུས་རབས་གསར་པའི་སློབ་གསོའི་དགོས་མཁོས་ཆེད་དུ་བསྐུལ་བ་ཞིག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱིས་སློབ་གསོའི་ལས་དོན་ཧྲིལ་པོར་བཏོན་པའི་རེ་བ་གསར་པ་ཞིག་དང་། ཚོད་བགམ་ནན་པོ་ཞིག རྒྱང་ལྟ་རིང་པོ་ཞིག་དང་དུང་བརྡ་ངར་མོ་གྲགས་པ་ཞིག་ཀྱང་ལགས།

རིམ་ཁག་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་པའི་སློབ་སྤྱིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ནི་སློབ་གསོའི་བྱ་གཞག་མི་ཉམས་གོང་སྤེལ་དང་ཉམས་པ་སླར་གསོའི་ཐོག སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་མེ་ཏོག་ལ་དུས་རབས་གསར་པའི་འབྲས་བུ་བཟང་པོ་སྨིན་ཆེད་ཙམ་མ་ཟད། རང་རྒྱལ་འདི་ཉིད་སྟོབས་འབྱོར་མངའ་ཐང་རྒྱས་པའི་སློབ་གསོའི་རྒྱལ་ཁབ་ཆེན་པོ་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུའི་དགོས་པ་དམིགས་བསལ་ཅན་གྱིས་བསྐུལ་བ་ལགས་ན་རྒྱས་པ་ནི་བརྗོད་པར་མི་བྱའོ།

ད་ཐེངས་གོང་རིམ་རྩ་འཛུགས་ཀྱི་དམིགས་བསལ་བཀའ་བསྒོས་དང་། རྒྱལ་རྩེ་མཐོ་རིམ་སློབ་འབྲིང་གི་དོན་དངོས་དགོས་དབང་གིས་རང་ཉིད་མྱང་སྟོད་ཤེལ་དཀར་རྒྱལ་རྩེར་འབྱོར་ཐོ་བཀོད་ཟིན་པའི་ཉིན་དེ་ནས་ཁོ་བོས་སློབ་གྲྭའི་མ་འོངས་འཕེལ་རྒྱས་དང་། དགེ་སློབ་ལས་བཟོའི་འབྱུང་འགྱུར་བདེ་སྐྱིད་ཆེད་སླར་ཡང་ཡོད་ཚད་བློས་གཏོང་གིས་མེ་གཏོང་སར་ས་འཚིགས་པ་དང་ཆུ་རྒྱུག་སར་ཤུལ་ཆགས་པ་བྱ་རྒྱུའི་ཆོད་སེམས་ཀྱི་མེ་ལྕེ་དྲག་པོ་སྙིང་ཁོངས་ནས་ལྷོག་ལྷོག་ཏུ་འབར། རྒྱུ་མཚན་ནི་རེ་བས་ཁེངས་པའི་སློབ་མའི་མིག་ཟུང་དང་། བབ་ཆགས་པའི་སློབ་མའི་བྱད་བཞིན། དེ་བཞིན་སེམས་ཆུང་ཡ་རབས་ཀྱི་སློབ་མའི་སྤྱོད་ཚུལ་བཟང་པོ་དྲན་པའི་སྣང་ངོར་འཆར་མ་ཐག་ངའི་ཁ་ནས་ཁྲག་དྲི་བྲོ་ཡང་ཇི་མི་སྙམ་པར་ཧུར་ཐག་འབད་ཐག་བྱ་རྒྱུའི་སེམས་ཤུགས་ངར་མོ་ངང་ངམ་ཤུགས་སུ་སྐྱེས། དེ་ཡང་ཉམ་ཐག་སློབ་མའི་ལས་དབང་ལ་བསམ་ཞིང་། ཁོང་ཚོའི་འཚོ་བའི་བདེ་སྡུག་སྙིང་ཁོངས་སུ་ཉར་ཏེ་ལྷག་བསམ་རྣམ་དག་གིས་སྲི་ཞུ་བསྒྲུབ་རྒྱུ་ནི་ངའི་འགྱུར་དུ་མེད་པའི་འགན་འཁྲི་ཡིན་ལ། ཁོ་བོས་སྔར་ནས་ད་བར་རྒྱ་ཆེའི་སློབ་མ་རྣམས་ལ་བཅངས་པའི་བརྩེ་སེམས་དྲོན་མོའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན།

ང་རང་སྔོན་ཆད་ཞིང་པ་དཀྱུས་མའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། དུས་ཕྱིས་དྲིན་ཆེན་ཕ་མའི་བྱམས་སྐྱོང་དང་དགེ་བའི་བཤེས་གཉེན་བཟང་པོའི་ཁྲིད་སྟོན་ཡང་དག་ཙམ་མ་ཟད་རླབས་ཆེན་ཏང་དང་རྒྱལ་ཁབ་ཀྱི་ཐུགས་རྗེའི་གཟིགས་སྐྱོང་འོག་ཤེས་རིག་བདུད་རྩིའི་རོ་མངར་ལོངས་སུ་སྤྱོད་ཀྱིན་སློབ་གསོའི་ལས་དོན་པ་ཞིག་ཏུ་གྱུར་བ་ནི་ཅི་འདྲའི་བསོད་ནམས་ཆེ་བ་ལ་ཨང་།

དེས་ན་ཁོ་བོས་སློབ་གསོའི་འགན་འཁུར་ལས་དོན་པ་ཞིག་གི་མིང་ཐོག་ནས་རྒྱ་ཆེའི་དགེ་སློབ་ལས་བཟོའི་མ་མཐའི་འཚོ་ཚིས་དང་མ་འོངས་ཀྱི་བདེ་སྐྱིད་ཆེད་ཁ་ཡོད་ལག་ཡོད་ཀྱི་ཕན་པ་བསྐྲུན་རྒྱུ་སྙིང་བཅངས་ཐོག དེ་བས་ཀྱང་ཞིང་འབྲོག་མང་ཚོགས་ཚོའི་བུ་ཕྲུག་གི་ལས་དབང་དང་ཕུགས་བསམ་ལ་བསམས་ཏེ་ཁ་གསལ་གཏིང་གསལ་གྱིས་ཐམས་ཅད་བློས་གཏོང་བྱེད་པ་ད་ཐེངས་གཅིག་པོ་ཙམ་ག་ལ་ཡིན།

དེ་ལྟར་ཉིན་ནས་ཟླ་བ་དང་། ཟླ་བས་ལོ་བསུས་ཀྱང་། ངས་ཉིན་གཅིག་ལ་དཔེ་བཞག་སྟེ་སློབ་གསོའི་བྱ་གཞག་འདི་ཉིད་རྩ་བའི་རྩེ་མོར་བཀུར་ཏེ་འབད་པ་ལྷོད་མེད་བྱས་མཐར་བློ་ཡིད་ཡོངས་སུ་ཚིམ་པའི་འབྲས་བཟང་སྨིན་པར་སྤོབས་སེམས་ཆེན་པོ་སྐྱེས།

མ་འོངས་ཀྱི་ལོ་ཟླ་ཀྱག་ཀྱོག་སྔར་བས་ཆེ་རུང་ངའི་མདུན་སྐྱོད་ཀྱི་སྤོབས་སེམས་དང་། ཡར་ཐོན་གྱི་བསམ་བློ། དེ་བཞིན་རང་ཚུགས་ཀྱི་གཤིས་རྒྱུད་དང་ཕུགས་འཕེར་བའི་འདིང་ཤུགས་ལ་འགྱུར་བ་རྟ་རྔ་ཙམ་ཡང་ཡོང་མི་སྲིད་ལ། ཁོ་བོས་སློབ་གསོའི་བྱ་གཞག་ལ་ཕུལ་བའི་འགན་འཁྲིའི་བསམ་པ་དང་། ན་ཆུང་སློབ་མར་བཅངས་པའི་ལྷད་མེད་ཀྱི་དུང་སེམས། དེ་བཞིན་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་ཞེན་པའི་སྐུལ་སློང་བཟང་པོར་དེ་བས་ཀྱང་འགྱུར་བ་ཡོང་མི་སྲིད།

དེ་བས་ཀྱང་ངའི་ཕ་དམ་པའི་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་འདི་རུ་བུ་ང་ཡིས་ལྷ་ཡིད་ཆེས་པ་དང་། འདྲེ་ཁོ་ཐག་ཆོད་པའི་དགེ་ལས་ཤིག་བསྒྱུབ་རྒྱུའི་དམ་ བཅའ་བཅངས་ཟིན་ན་ཐམས་ཅད་ལམ་ལྷོངས་ཡོང་བའི་བཀྲ་ཤིས་སྨོན་ལམ་འདེབས་པར་བྱའོ།།