《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年05月26日

ནག་ཆུ་སྙན་རོང་རྫོང་སེ་ཆེན་ཤང་གིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དེང་རབས་ ཅན་གྱི་འབྲོག་ལས་འཕེལ་རྒྱས་བཏང་བ།

རྩྭ་ཐང་དུ་ཕྱུག་འགྱུར་གྱི“འབྲོག་གླུ་གསར་པ”ལེན་པ།

ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཟིན་པའི་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ནི། བོད་བྱང་ཐང་ལྷོ་ཕྱོགས་ཀྱི་ས་མཐོའི་གཤོངས་སར་གནས་པའི་འབྲོག་ལས་རྐྱང་པའི་རྫོང་ཞིག་རེད། སྙན་རོང་རྫོང་ཁོངས་ཀྱི་ཕྱོགས་བཞི་མཚམས་བརྒྱད་ལ་འབྲེལ་བའི་ཨར་འདམ་ལམ་རྒྱུད་ནས་སྐྱོད་སྐབས། མུ་མཐའ་མེད་པའི་རྩྭ་ཐང་དང་། དེ་སྔ་མཐོང་མྱོང་མེད་པའི་ལྗོན་ཤིང་ཡ་མཚན་ཅན་དེ་འདྲེན་བྱེད་ལམ་དུ་གསལ་ལེར་མངོན། མུ་མཐའ་མེད་པའི་རྩྭ་ཐང་སྟེང་དུད་ཚང་མི་རེ་ངོ་རེའི་མདུན་དུ་ལྕི་བའི་ར་སྐྱོར་འགྲིག་པོས་བསྐོངས་ཡོད་པས་འབྲོག་ཁུལ་གྱི་མཛེས་ལྗོངས་ཐུན་མོང་མ་ཡིན་པ་ཞིག་ཏུ་སྣང་།

“1376”དང“གྲོང་གསེབ་དར་རྒྱས་ལ་ང་ཡིས་ཞུགས། ནག་ཆུ་མདུན་སྐྱོད་ངའི་སྤོབས་པ་ཡིན”སོགས་འབྲོག་པ་མང་ཚོགས་ཀྱིས་ལྕི་བས་བསྒྲིགས་པའི་ཡི་གེ་དང་རི་མོ་སྙན་རོང་རྫོང་སེ་ཆེན་ཤང་ནས་མཐོང་སྐབས་གསར་འགོད་པའི་ཡིད་དབང་རབ་ཏུ་འཕྲོག་ནས་ལྟ་བར་ཐལ།

“1376”ཅེས་པའི་ཨང་ཀི་བཞི་པོས་བོད་ཀྱི་རིག་གནས་ཁྲོད་དོན་བཟང་པོ་སྟོན་པ་དང་། “གྲོང་གསེབ་དར་རྒྱས་བྱ་བར་ང་ཡིས་ཞུགས། ནག་ཆུ་མདུན་སྐྱོད་ང་ཡི་སྤོབས་པ་ཡིན”ཞེས་པས་ཤང་གྲོང་དར་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་འབྲོག་པ་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བར་རེ་སྨོན་གསར་པ་སྦྱིན་ནས། རྒྱ་ཆེའི་མང་ཚོགས་ཤང་གྲོང་དར་རྒྱས་བྱ་བར་ཞུགས་པའི་སྤྲོ་སྣང་དང་སྟོབས་ཤུགས་འཕེལ་བ་མཚོན་ཞིང་། སྔོན་མ་ལྕི་སྒམ་གྱི་རིན་ཐང་ནི་འབྲོག་པའི་ཐོན་སྐྱེད་དང་འཚོ་བར་སྤྱོད་རྒྱུ་ཙམ་ལས་མ་འདས། ད་ཆ་དུས་རབས་གསར་པའི་ཐོན་རྫས་ཤིག་ཏུ་གྱུར་ཏེ་དེའི་བྱེད་ནུས་གཞན་ཞིག་སྟེ་མཛེས་རྒྱན་སྤྲོས་པ་བརྒྱུད་འབྲོག་པ་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་གྱི་གཞི་རྟེན་ཞིག་ཏུ་གྱུར་ཡོད་ཅེས་སེ་ཆེན་ཤང་གི་ཤང་ཀྲང་ངག་བསྟན་གྱིས་ངོ་སྤྲོད་བྱས།

སེ་ཆེན་ཤང་ནི་སྙན་རོང་རྫོང་གི་མི་འབོར་མང་ཤོས་ཀྱི་ཤང་ཆེན་པོ་ཞིག་ཡིན་པ་དང་། དེའི་སྲོལ་རྒྱུན་གྱི་འབྲོག་ལས་ནི་སྔོན་མ་སེ་ཆེན་ཤང་མང་ཚོགས་ཀྱི་ཡོང་འབབ་ཡོང་ཁུངས་གཅིག་པུ་དེ་ཡིན་མོད། འོན་ཀྱང་སྲོལ་རྒྱུན་གྱི་འབྲོག་ལས་དེ་ཁྱིམ་ཚང་བཟོ་ཁང་ཆུང་ངུ་གཙོ་བོར་བྱས་སྟབས་དཀར་ཆུའི་ཐོན་ཚད་དམའ་བའི་ཁར་འབྲོག་པ་སྡོད་ས་ཁ་ཐོར་དང་བྲིན་ཚོང་གི་ཐབས་ལམ་གུ་དོགས་པར་བརྟེན་དབུལ་ཕོངས་ཞེས་པ་སེ་ཆེན་ཤང་གི་མིང་ཚབ་ཅིག་ཏུ་གྱུར།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་གཏོང་ཆེད། 2017ལོར་སེ་ཆེན་ཤང་གིས་མ་དངུལ་སྒོར་ཁྲི་500གཡར་བའི་རེ་འདུན་ཞུས་ཏེ་ཤང་ཡོངས་ཀྱི་ནུས་ཤུགས་ལ་བརྟེན་ནས་སྙན་རོང་རྫོང་སེ་ཆེན་ཤང་རྫ་དམར་སྣེ་མང་གཉེར་སྐྱོང་མཉམ་ལས་ཁང་བཙུགས་ཤིང་། ཐོག་མའི་སྐབས་ཕྱུགས་རིགས་མགོ་གྲངས་167དང་ལུག་མགོ་གྲངས་117ལས་མེད། ཉེ་བའི་ལོ་ཤས་རིང་། རིམ་ཁག་ནོར་སྲིད་ཀྱི་མ་དངུལ་རྒྱབ་སྐྱོར་དང་ལས་བྱེད་མང་ཚོགས་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་མཉམ་ལས་ཁང་གིས་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཕྱུག་འགྱུར་གྱི་ལམ་བུ་གསར་པར་བསྐྱོད་ཡོད།

“ད་ཆ་མཉམ་ལས་ཁང་ལ་ཕྱུགས་རིགས་མགོ་གྲངས་1602དང་། ཐོན་སྐྱེད་འཕྲུལ་འཁོར་50ལྷག་ཙམ། བྲིན་ཚོང་བྱ་ཡུལ་4 ས་མཐོའི་ཁྱད་ལྡན་ཐོན་རྫས་སྣེ་ཁ་10ཟིན་པའི་མཉམ་ལས་ཁང་བཅས་ཡོད། མིག་སྔར་ཡོང་འབབ་ཁྱོན་སྒོར་ཁྲི་2880.78ཟིན་ནས་མི་1718ལ་ཐད་ཀར་དང་གཞན་བརྒྱུད་ཀྱི་སྒོ་ནས་སྣེ་ཁྲིད་ཐུབ་སྟེ་འབབ་འཕར་བྱུང་ཡོད”ཅེས་ངག་བསྟན་གྱིས་རེ་རེ་བཞིན་བགྲངས་ནས་བཤད་བྱུང་།

“ཞལ་ལག་མཆོད་པར་ཕེབས་ཤོག”ཅེས་མཉམ་ལས་ཁང་གི་ལྷས་ར་ནས་ལས་དོན་པ་རྒྱལ་མཚན་འོད་ཟེར་གྱིས་ཕྱུགས་ལ་གཟན་རྩྭ་སྟེར་ཞོར་དུ་བཤད།

ལས་ཀའི་བར་གསེང་དུ་རྒྱལ་མཚན་འོད་ཟེར་གྱིས་གསར་འགོད་པའི་དྲི་བར་ལན་བཏབ།

“སྔོན་མ་ཁྱིམ་གྱི་འཚོ་ཐབས་ནི་གཡག་བཅུ་པོར་རྟེན་དགོས་ཀྱི་ཡོད། 2016ལོར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་རྗེས་རྒྱལ་ཁབ་ནས་རོགས་སྐྱོར་བྱས་ཏེ་ང་ཚོའི་གཞི་རྩའི་འཚོ་བར་འགན་ལེན་བྱུང་ནའང་། དུད་ཚང་དབུལ་པོའི་མིང་བཏགས་པ་དེས་རང་ཉིད་ནམ་ཡང་མགོ་བཀྱག་རྒྱུ་མི་འདུག མཉམ་ལས་ཁང་དུ་ལས་ཀ་བྱས་པ་ནས་བཟུང་། ངས་རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་ཡིན”ཞེས་རྒྱལ་མཚན་འོད་ཟེར་གྱིས་བཤད།

མཉམ་ལས་ཁང་གིས་གསོ་སྦྱོང་བྱས་པ་བརྒྱུད། རྒྱལ་མཚན་འོད་ཟེར་དང་ཁོང་གི་བཟའ་ཟླས་ཚན་རིག་དང་མཐུན་པའི་གསོ་ཚགས་ལག་རྩལ་དང་དེང་རབས་ཅན་གྱི་འབྲོག་ལས་ཐོན་རྫས་ཀྱི་ལས་སྣོན་ལག་རྩལ་ཁོང་དུ་ཆུད་དེ་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པ་བྱུང་ལ། ཁྱིམ་གྱི་ཕྱུགས་རིགས་མགོ་གྲངས་བཅུ་པོ་དག་མཉམ་ལས་ཁང་གིས་གསོ་ཉར་བྱས་པས་ལོ་ལྟར་ལོ་མཇུག་ཏུ་བགོ་འགྲེམས་ལེན་རྒྱུ་ཡོད།

ཁྱིམ་གྱི་འཁོད་ཀ་རིམ་བཞིན་ཡག་ཏུ་སོང་བ་དང་། རྒྱལ་མཚན་འོད་ཟེར་གྱི་ཕྲུ་གུ་གཉིས་པོས་ཀྱང་རིག་པ་བསྒྲིམས་ཏེ་ད་ཆ་བུ་མོ་ནག་ཆུ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དུ་འགྲོ་བ་དང་བུ་ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པར་འགྲོ་གི་ཡོད།

“དུས་སྐབས་བཟང་པོར་སྐྱེས་པ་དང་། སྲིད་ཇུས་བཟང་པོས་ང་ཚོའི་འཚོ་བ་སྐྱིད་དུ་ཕྱིན་སོང”ཞེས་རྒྱལ་མཚན་འོད་ཟེར་གྱིས་མྱོང་ཚོར་ཟབ་མོས་བཤད།

ད་ཆ་སྙན་རོང་རྫོང་དུ་གྲལ་སྟར་འགྲིག་པོའི་ལྕི་བས་བསྐོར་བའི་གྱང་ནི་དེ་གའི་འབྲོག་པ་མང་ཚོགས་ཀྱི་ཡར་ངོའི་ཟླ་ལྟར་འཕེལ་བའི་འཚོ་བར་དགའ་ཞེན་བྱེད་པའི་དོན་དངོས་ཀྱི་མཚོན་ཚུལ་ཞིག་ལགས། (པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)