《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月24日

ཉི་ཁྲི་སྡེ་ཁུལ་ཏང་ཨུད་ཀྱིས།

ཏང་འཛུཌ་སྐྱོང་གི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་བྲག་ཡིབ་ཆུས་པད་མ་སྒང་ཁྲོམ་གཞུང་ཉི་ཁྲི་སྡེ་ཁུལ་ཏང་ཨུད་ཀྱིས་ཁོངས་གཏོགས་ཁུལ་གྱི“ཐོ་འགོད་གཉིས”ཀྱི་ཚན་པ་སྟེ། གྲོང་ཁྱེར་ཞིབ་དཔྱོད་ཁང་གི་ཏང་ཀྲི་པུའུ་དང་པོ་དང་མཉམ་འབྲེལ་བྱས་ནས་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་དང་། སྡེ་ཁུལ་གྱི་ལས་དོན་ཉམས་ལེན། ཞིབ་དཔྱོད་ཁང་གི་གྱོད་སྒྲུབ་ལྟེ་གནས་དང་དེ་བཞིན་ཐོག་མའི་བསམ་འདུན་ཐིང་དུ་ལྟ་སྐོར་སློབ་སྦྱོང་བཅས་ནང་དོན་དུ་བྱས་པའི“ཉམས་ལེན་གཉིས་དང་། སློབ་སྦྱོང་གཉིས། སྤེལ་རེས་གཉིས”ཀྱི་ཏང་འཛུགས་སྐྱོང་གི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་རིང་ཞིབ་དཔྱོད་ཁང་གི་ཏང་ཀྲི་པུའུ་དང་པོས་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་། ཡིག་རིས་འགྲེམས་སྟོན་དྲིལ་བསྒྲགས། དེ་བཞིན་ས་གནས་ས་ཐོག་ཏུ་སྡེ་ཁུལ་གྱི་གྲོང་མིའི་བློ་འདྲིར་ལན་འདེབས་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཁོངས་གཏོགས་ཁུལ་གྱི་རྒྱ་ཆེའི་གྲོང་མིར་རྩ་ཁྲིམས་ཀྱི་དགོངས་དོན་དང་། གློག་འཕྲིན་གྱི་ཁ་བསླུས་སྔོན་འགོག ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག དྲ་རྒྱའི་ཉེས་གསོག་སྔོན་འགོག དུག་རྫས་སྔོན་འགོག་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་རྒྱུན་ཤེས་དྲིལ་བསྒྲགས་བྱས་པ་རེད། ཐེངས་འདིའི་རྩ་ཁྲིམས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་བརྒྱུད། ཁོངས་གཏོགས་ཁུལ་གྱི་གྲོང་མིའི་རྩ་ཁྲིམས་ཤེས་རྟོགས་ཐུབ་ཚད་དང་ཁྱབ་གདལ་གཏོང་ཚད་མཐོ་རུ་ཕྱིན་ནས། མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་དང་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་ཕྱིན་པ་རེད།

ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱས་རྗེས། ཞིབ་དཔྱོད་ཁང་གི་ལས་དོན་མི་སྣས་སྡེ་ཁུལ་གྱི་ལས་དོན་མི་སྣའི་སྣེ་ཁྲིད་འོག་དུད་ཁྱིམ་དུ་བསྐྱོད་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གནས་ཚུལ་ཤེས་རྟོཌ་དང་། ཁུལ་ཆུང་དུ་བསྐྱོད་ནས་སྡེ་ལས་ཀྱི་རྩོད་གཞི་འདུམ་འགྲིག་དང་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར། ཚོང་ཁང་དུ་བསྐྱོད་ནས་ཚོང་གཉེར་གྱི་བྱེད་སྤྱོད་ངན་པར་ཁ་ཏ་བསླབ་བྱ་བྱེད་པ་སོགས་རྒྱུན་གཏན་གྱི་སྡེ་ཁུལ་གྱི་ལས་དོན་ལ་ཉམས་ལེན་བྱས་པ་རེད། ཞིབ་དཔྱོད་དཔོན་ཚོས་ད་ཐེངས་ཀྱི་ཉམས་ལེན་བརྒྱུད་གཞི་རིམ་སྡེ་ཁུལ་གྱི་ལས་དོན་པའི་དཀའ་ངལ་སྣ་ཚོགས་དངོས་སུ་ཤེས་རྟོགས་ཐུབ་བྱུང་། སླད་ཕྱིན་སྡེ་ཁུལ་གྱི་ལས་དོན་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།