གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་སོག་ཆུ་གཙང་འགྲམ་དུ་བསིལ་རླུང་དལ་བུར་ལྡང་ཞིང་། དྭངས་གཙང་གི་ཆུ་ངོགས་སྔོ་ལྗང་གིས་བརྒྱན་ནས་སྔོ་ཐིང་ངེར་གནས། ཉེ་ཆར། གསར་འགོད་པ་དང་བཅས་པ་རླངས་འཁོར་ལ་བསྡད་དེ་ནག་ཆུ་གྲོང་ཁུལ་ནས་རྡོག་ཐོན་གྱིས་སོག་རྫོང་དུ་བསྐྱོད་པ་ཡིན།
“མགྱོགས་པོ་ནང་དུ་ཕེབས་དང”རྫོང་གྲོང་ནས་བྱང་ཕྱོགས་སུ་སྐར་མ་5ཙམ་བསྐྱོད་རྗེས་ཚེ་རིང་སྐྱིད་མཚོའི་ཁྱིམ་དུ་འབྱོར་བྱུང་། ཚེ་རིང་སྐྱིད་མཚོ་དང་ཁོང་གི་ནང་མི་ཚོའི་སེམས་རྩ་འཁོལ་བའི་སྣེ་ལེན་འོག གསར་འགོད་པ་དང་བཅས་པ་བོད་བཟོའི་སྒོ་ར་རང་འགྲིག་གི་སྡོད་ཁང་ཞིག་ཏུ་སླེབས་ཤིང་། བཀོད་པ་ལེགས་པའི་སྡོད་ཁང་ནང་སླེབས་སྐབས་མི་སེམས་ལ་ཚ་སོབ་སོབ་ཀྱི་སྣང་བ་ཞིག་སྦྱིན་པ་དང་། ཤེལ་ཁང་ནང་མེ་ཏོག་སྣ་ཚོགས་བཞད་ནས་དྲི་ཞིམ་རབ་ཏུ་འཐུལ།
ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པའི་ཡོང་ཁུངས་གླེང་སྐབས། 1974ལོར་སྐྱེས་པའི་ཚེ་རིང་སྐྱིད་མཚོས“སློབ་གསོའི་དཔྱིད་རླུང་དྲོན་མོ་ལས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཐུབ་བྱུང”ཞེས་བརྗོད།
ཁྱིམ་ཚང་འདིའི་སློབ་གསོའི་ཕན་པ་ཐོག་མར་ཐོབ་མཁན་ནི་ཚེ་རིང་སྐྱིད་མཚོའི་ཨ་མ་ལྷ་མོ་གཡུང་དྲུང་རེད། ལྷ་མོ་གཡུང་དྲུང་1940ལོར་ཆབ་མདོའི་ཞིང་བྲན་གྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། 1954ལོར་ལྷོ་ནུབ་མི་རིགས་སློབ་གླིང(ད་ལྟའི་ལྷོ་ནུབ་མི་རིགས་སློབ་ཆེན)དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་བར་བཏང་བ་དང་། སློབ་མཐར་ཕྱིན་རྗེས་སོག་རྫོང་དུ་ལས་བགོས་བརྒྱབ་སྟེ་སྐད་སྒྱུར་གྱི་ལས་ཀ་བྱས་པ་དང་གཞུང་ཞབས་པ་ཞིག་ཏུ་གྱུར་རྗེས་སོག་རྫོང་དུ་གཞིས་ཆགས།
“བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་བཅིངས་འགྲོལ་དམག་གིས་ཚོ་པ་ཁག་གི་སློབ་ལོ་ལོན་པའི་གཞོན་ནུ་ལོ་ཆུང་རྣམས་ལྗོངས་ཕྱིར་སློབ་སྦྱོང་བྱེད་པར་སྐུལ་སློང་དང་སྒྲིག་འཛུགས་བྱས་ཡོད”ཅེས་ལྷ་མོ་གཡུང་དྲུང་གིས་སྒྲ་དག་ཅིང་ཆུ་རྒྱུག་རྒྱུག་གི་སྤྱི་སྐད་ཐོག་ནས་སེམས་འགུལ་ཆེན་པོས་རང་ཉིད་ཀྱི་ལས་དབང་ལ་འགྱུར་ལྡོག་འགྲོ་འགོ་ཚུགས་པའི་དུས་སྐབས་དེའི་སྐོར་གླེང་། “སློབ་གྲྭར་སླེབས་རྗེས་རང་ཉིད་ལ་ཉེས་རྡུང་དང་ཁ་རྡུང་གཏོང་མཁན་མེད་ལ་ལས་ཀ་ཁག་པོའི་རིགས་ཀྱང་བྱེད་མི་དགོས། ཉིན་ལྟར་ཤེས་བྱ་ཡོན་ཏན་སྦྱོང་ཆོག་པ་མ་ཟད། ད་དུང་ལྟོ་གྲོད་པ་རྒྱགས་པ་ཟ་རྒྱུ་ཡོད་ལ་གཟུགས་པོ་དྲོས་པའི་གོས་ཀྱང་གྱོན་རྒྱུ་ཡོད། བོད་དུ་ལོག་རྗེས་རང་ཉིད་ལ་ལས་ཀ་རག་པས། ང་ནི་ང་ཚོའི་ཚོ་པའི་ནང་གི་གཞུང་གི་ལས་ཀར་ཞུགས་མཁན་དང་པོ་དེ་རེད། འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་བ་ནི་གུང་ཁྲན་ཏང་གི་བཀའ་དྲིན་ཡིན”ཞེས་བརྗོད།
“ཨ་མའི་ཤུགས་རྐྱེན་དང་ཁྲིད་སྟོན་འོག་ང་ཚོའི་ནང་མི་ཚང་མས་སློབ་གསོ་དང་ལེན་གྱི་གོ་སྐབས་ལ་གཅེས་སྤྲས་ཆེན་པོ་བྱེད་ཀྱི་ཡོད། ཉིན་རེ་བཞིན་ཇེ་ཡག་ཏུ་འགྲོ་བཞིན་པའི་སློབ་གསོའི་ཁོར་ཡུག་ནི་ང་ཚོའི་མི་རབས་ཚོར་སྤྲད་པའི་ལག་རྟགས་ཡག་ཤོས་དེ་རེད”ཚེ་རིང་སྐྱིད་མཚོར་ད་དུང་གཅེན་གཅུང་མིང་སྲིང་4ཡོད་པ་ཚང་མ་སློབ་མཐར་ཕྱིན་ནས་ལས་ཀར་ཞུགས་པ་དང་། ཚེ་རིང་སྐྱིད་མཚོའི་ཕྲུ་གུ་གསུམ་པོའང་སློབ་ཆེན་ཐོན་ནས་ལས་ཀར་ཞུགས་ཡོད།
ཚེ་རིང་སྐྱིད་མཚོས་འཛུམ་འཚེར་འཚེར་ངང“ང་ཆུང་དུས་སྐབས་རྫོང་ཡོངས་སུ་གློག་དང་ཆུ་ཤར་གཏོང་ཐུབ་མེད་པ་དང་རྫོང་སྲིད་གཞུང་གཅིག་པུར་ཁྲའེ་ཡིའུ་སྣུམ་གྱི་གློག་མཁོ་འདོན་འཕྲུལ་ཆས་གཅིག་རང་ཡོད། གཞུང་ལས་ཁང་ཚང་མ་ས་ཕག་གི་ཁང་པ་ཡིན་པ་དང་། ཁང་པའི་ཐོག་ཁ་ནི་ལྕགས་ཤོག་རེད། ང་ཚོའི་ནང་མི་7ཕ་མའི་ལས་ཁུངས་ནས་བགོས་པའི་སྨི་ངོས་གྲུ་20ཡང་མ་ཟིན་པའི་ཁང་པའི་ནང་སྡོད་ཀྱི་ཡོད། མ་གཞི་ཁང་པ་གུ་དོག་རུང་ཉིན་ལྟར་དགོང་མོའི་ཆུ་ཚོད་8པ་ནས་10པའི་བར་གློག་ཆུ་ཚོད་གཉིས་སྤྱོད་རྒྱུ་ཡོད། ལོ་གསར་གྱི་སྐབས་ནི་ང་ཚོ་སྣང་བ་སྐྱིད་ཤོས་ཡིན། ཕ་མ་གཉིས་པོས་ང་ཚོ་ཁྲིད་དེ་ལས་ཁུངས་ནས་སྤྲད་པའི་སྤ་སེ་ཁྱེར་ནས་མཁོ་སྒྲུབ་ཁང་དུ་ཕག་ཤ་དང་བྱི་རིལ་ཉོ་བར་འགྲོ་གི་ཡོད་ལ། ཁང་པའི་གྱང་ལྡེབས་སུ་སྦྱར་བའི་ཚགས་པར་རྙིང་པ་རྣམས་བཀོག་ནས་གསར་པ་སྦྱར་གྱི་ཡོད་པས་མཚན་མོ་གློག་སླེབས་སྐབས་ཁང་པ་གསར་རྐྱང་དུ་གྱུར་བའི་སྣང་བ་ཡོང་གི་འདུག”ཅེས་བཤད།
ཚེ་རིང་སྐྱིད་མཚོས“ད་ལྟའི་འཚོ་བ་སྔོན་ཆད་དང་བསྡུར་ཚེ་ཧ་ཅང་ལེགས་སུ་ཕྱིན་ཡོད་པས། ཉིན་ལྟར་ལོ་གསར་རེད། ལོ་རབས་80པའི་དུས་མཇུག་ཏུ་ངས་སོ་ལོ་དང་ཤིང་ཏོག་ངང་ལག་མཐོང་ཐེངས་དང་པོ་ཡིན་པས། དེ་མིན་གྱི་ཞིམ་ཟས་དང་རྩེད་མོའི་རིགས་དེ་བས་ཀྱང་མཐོང་མྱོང་ག་ལ་ཡོད། ད་ལྟའི་ཕྲུ་གུ་ཚོའི་མཐོང་རྒྱ་ང་ཚོ་ལས་ཧ་ཅང་ཆེ་བ་ཡོད་ཅིང་། དུས་རབས་གསར་པའི་དཔྱིད་རླུང་ཁྲོད་འཚོ་བ་སྐྱེལ་བཞིན་པའི་ཁོང་ཚོའི་འཚོ་བ་ནི་སྔོན་ཆད་ང་ཚོས་ཡིད་སྨོན་བྱེད་སའི་འོད་སྟོང་ལྡན་པའི་འཚོ་བ་དེ་རེད”ཅེས་ལྷུག་པོར་བཤད།
“ཉེ་བའི་ལོ་འདི་དག་ནང་། ང་ཚོ་ནང་མི་ཚང་མ་པེ་ཅིང་དང་། ཧུའུ་ནན། ཁྲེང་ཏུའུ། ཞ་མོན་སོགས་སུ་ཡུལ་སྐོར་དུ་ཕྱིན་པ་ཡིན། རང་ཉིད་ལ་ད་དུང་བསམ་འདུན་ཞིག་ཡོད་པ་ནི་རྒན་ཡོལ་ཞུས་རྗེས་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་ས་ཕྱོཌ་གང་སར་བསྐྱོད་རྒྱུ་དེ་ཡིན”ཞེས་ཚེ་རིང་སྐྱིད་མཚོས་བཤད། (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)