《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月23日

རྟེན་མཛོད་ཁང་ལ་ལྟ་སྐོར་བྱེད་སྟངས་གསར་པ།

ཟླ་5ཚེས་18ཉིན་ནི་རྒྱལ་སྤྱིའི་རྟེན་མཛོད་ཁང་གི་ཉིན་མོ་ཡིན་པ་དང་། ཉིན་དེར་རང་ལྗོངས་ཀྱི་ས་གནས་ཁག་གི་རྟེན་མཛོད་ཁང་གིས་གཅིག་རྗེས་གཉིས་མཐུད་ངང་དྲིལ་བསྒྲགས་དང་དྲན་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་ནས། མི་དེ་བས་མང་བས་རྟེན་མཛོད་ཁང་ལ་རྒྱུས་མངའ་དང་རྟེན་མཛོད་ཁང་གི་སྤྱི་ཚོགས་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཡོད།

ཕུལ་བྱུང་རྟེན་མཛོད་ཁང་གི་འགྲེམས་སྟོན་ནང་དོན་དང་བཀོད་པ་ནི་ཧ་ཅང་གལ་འགངས་ཆེ།

ཁྱེད་ཀྱི་མིག་ནང་དུ་ཕུལ་བྱུང་གི་རྟེན་མཛོད་ཁང་ཞིག་ལ་ཁྱད་ཆོས་གང་དག་ལྡན་དགོས་སམ། དེ་ནི་ཕུན་སུམ་ཚོགས་པའི་ཉར་ཚགས་དངོས་པོ་ཡིན་ནམ། ཡང་ན་ཐུན་མོང་མ་ཡིན་པའི་གསར་གཏོད་ཀྱི་རྣམ་པའི་འགྲེམས་སྟོན་བྱེད་སྟངས་ཡིན་ནམ། ཡང་ན་རིག་གནས་ཀྱི་ནང་དོན་ཟབ་མོ་ཡིན་ནམ། ཡང་ན་ཚད་མཐོའི་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་དང་སྤྱི་ཕན་གྱི་ངོ་བོ་ཡིན་ནམ། ཉེ་ཆར། གསར་འགོད་པས་སྐབས་བསྟུན་གྱིས་གྲོང་མི་འགའ་ཞིག་ལ་ཁོང་ཚོའི་སེམས་ནང་གི་རྟེན་མཛོད་ཁང་ནི་གང་འདྲ་ཞིག་ཡིན་པ་བཅར་འདྲི་བྱས།

གྲོང་ཁྱེར་གང་དུ་སོང་རུང་། དང་ཐོག་འགྲོ་སའི་ས་ཆ་ནི་རྟེན་མཛོད་ཁང་ཡིན་པ་གདོན་མི་ཟ། འདི་ནི་རིག་གནས་དངོས་མང་ལ་དགའ་པོ་ཡོད་པའི་ལི་ཡོན་ཡོན་གྱིས་ལོ་མང་རིང་རྟེན་མཛོད་ཁང་བསྐོར་ནས་ཕྱོགས་བསྡོམས་བྱས་པའི་ཉམས་མྱོང་ཞིག་རེད། “གྲོང་ཁྱེར་རེར་སླེབས་རིམ་བཞིན་ངས་ཉིན་གཅིག་གི་འགྲུལ་བཞུད་བཀོད་སྒྲིག་བྱས་ནས་ས་གནས་དེ་གའི་རྟེན་མཛོད་ཁང་ལ་སྐོར་ཙམ་བྱེད་ཀྱི་ཡོད”ཅེས་ལི་ཡོན་ཡོན་གྱི་ངོས་ནས་བརྗོད་ན་རྟེན་མཛོད་ཁང་ནི་གྲོང་ཁྱེར་ཞིག་ལ་རྒྱུས་ལོན་བྱེད་པའི་ཐབས་ལམ་ཡག་ཤོས་ཤིག་རེད།

ཆིན་མིང་གཡོད་ནི་རིག་གནས་དངོས་མང་ལས་རིགས་ཀྱི་ལས་གཉེར་པ་ཞིག་ཡིན་པས“ཕུལ་བྱུང”རྟེན་མཛོད་ཁང་གི་མཚན་ཉིད་ལ་ཐུན་མོང་མ་ཡིན་པའི་ལྟ་ཚུལ་ཡོད། ཁོང་གི་ངོས་ནས་བརྗོད་ན་ཕུལ་དུ་བྱུང་བའི་རྟེན་མཛོད་ཁང་ཞིག་ལ་འགྲེམས་སྟོན་གྱི་ནང་དོན་ཕུན་སུམ་ཚོགས་ཅིང་གཏིང་ཟབ་པ་ཞིག་དགོས་པ་དང་དུས་མཚུངས། སྤྲོ་སྣང་ཡང་ལྡན་ཚེ་ལྟ་སྐོར་བ་རྣམས་ལ་བག་ཕེབས་དང་སྤྲོ་སྣང་གི་རྣམ་པའི་ཁྲོད་ཤེས་བྱའི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ།

རྟེན་མཛོད་ཁང་གི་ལྟ་སྐོར་ཕྱོགས་སྟོན་གྱིས་ལྟ་སྐོར་གྱི་ཉམས་ལེན་ཕུན་སུམ་ཚོགས་སུ་གཏོང་ཐུབ།

ཉེ་ཆར་ཕྲུ་གུ་ཞིག་གིས་རྟེན་མཛོད་ཁང་གི་འགྲེམས་དངོས་བཅག་པའི་སྐོར་གྱི་གསར་འགྱུར་ཞིག་ལ་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད། གང་ལྟར་དོན་རྐྱེན་དེས་ང་ཚོར་རྟེན་མཛོད་ཁང་སོགས་སྤྱི་པའི་འདུ་གནས་སུ་ལྟ་སྐོར་བྱེད་སྐབས་འགྲེམས་དངོས་ལ་བརྩི་འཇོག་དང་སྲུང་སྐྱོང་བྱས་ཏེ་ཤེས་དཔལ་དང་ཞི་མཐུན་གྱི་ལྟ་སྐོར་ཁོར་ཡུག་ཅིག་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།

བོད་ལྗོངས་རྟེན་མཛོད་ཁང་ལ་ཆ་མཚོན་ན། དང་ཐོག་ང་ཚོས་བོད་ཀྱི་རིག་གནས་དང་། ལོ་རྒྱུས། དམངས་སྲོལ་སོགས་རྨང་གཞིའི་ཤེས་བྱ་ཤེས་རྟོགས་བྱེད་དགོས། དེ་ནས་མི་སྒེར་གྱི་དགའ་ཕྱོགས་དང་དུས་ཚོད་ཀྱི་བཀོད་སྒྲིག་ལ་གཞིགས་ནས། རྟེན་མཛོད་ཁང་གི་འགྲེམས་སྟོན་ལ་གདམ་ཀ་བྱས་ཏེ་འགྲེམས་སྟོན་གང་དག་གཙོ་གནད་དུ་ལྟ་བ་དང་གང་དག་མདོར་བསྡུས་སུ་ལྟ་བ་གཏན་འཁེལ་བྱེད་ཆོག

གཉིས་ནས་རྟེན་མཛོད་ཁང་གིས་རིག་དངོས་གལ་ཆེན་གྱི་ནང་དོན་སྒྲ་ལ་ཕབ་ནས་གཙོ་གནད་ཐོག་ངོ་སྤྲོད་བྱེད་ཀྱི་ཡོད།

གཞན་ཡང་བོད་ལྗོངས་རྟེན་མཛོད་ཁང་གིས་ད་དུང་དུས་མཚམས་ངེས་ཅན་ཞིག་ནང་རིགས་གཅིག་མཁས་ཅན་གྱི་འགྲེལ་བཤད་ཞབས་ཞུ་མཁོ་འདོན་བྱེད་ཅིང་། ཁོང་ཚོའི་འགྲེལ་བཤད་ཀྱིས་ང་ཚོར་དེ་བས་གནད་ལ་འཁེལ་བ་དང་། ཆེད་ལས། ཁྱོན་ཡོངས་བཅས་ཀྱི་ཆ་འཕྲིན་མཁོ་འདོན་ཐུབ་ནས་ང་ཚོའི་ལྟ་སྐོར་ཉམས་ལེན་དེ་བས་ཕུན་སུམ་ཚོགས་ལ་གཏིང་ཟབ་ཏུ་གཏོང་ཐུབ།

སྔོན་འགྲོའི་གཏམ་དང་ཤེལ་སྒྲོམ་ནི་འགྲེམས་སྟོན་ཇུས་འགོད་ཀྱི་སྙིང་བཅུད་དང་བཀྲག་མདངས་འཚེར་ས་ཞིག་ཡིན།

རྟེན་མཛོད་ཁང་ལ་ལྟ་སྐོར་བྱེད་པའི་བརྒྱུད་རིམ་ནང་ལྟད་མོ་བ་མང་པོ་ཞིག་གིས“སྔོན་འགྲོའི་གཏམ”གྱི་གྲུབ་ཆ་གལ་ཆེན་དེར་སྣང་ཆུང་བྱེད་ཀྱི་ཡོད། སྔོན་འགྲོའི་གཏམ་ནི་དོན་དངོས་ཐོག་འགྲེམས་སྟོན་ཇུས་འགོད་ཀྱི་སྙིང་བཅུད་ཡིན་ཞིང་། དེས་འགྲེམས་སྟོན་ཧྲིལ་པོའི་དམིགས་ཡུལ་དང་ནང་དོན་གཙོ་བོ་གཅིག་བསྡུས་ཐོག་མཚོན་གྱི་ཡོད།

འགྲེམས་སྟོན་ཁང་གི་ཤེལ་སྒྲོམ་ནང་རྟག་ཏུ་རིག་དངོས་གཙོ་བོ་བཤམས་ཡོད་པ་དང་རིག་དངོས་དེ་དག་ནི་འགྲེམས་སྟོན་ཁང་གི“བཀྲག་མདངས་འཚེར་སའམ”ཡང་ན“གཙོ་ཆེ་ཤོས”ཡིན། དེར་བརྟེན་ལྟ་སྐོར་བྱེད་པའི་བརྒྱུད་རིམ་ཁྲོད་ལྟད་མོ་བས་ལྟ་སྐོར་གྱི་ལམ་ཐིག་འདི་དག་ལ་དོ་སྣང་འོས་འཚམ་བྱས་ཏེ། རྩ་ཆེའི་རིག་དངོས་འདི་དག་ལ་སྔར་ལས་ལྷག་པའི་སྒོ་ནས་མྱོང་རོལ་དང་རྒྱུས་ལོན་བྱེད་ཆོག

(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)