འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་21ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེས་ལྷ་སར་བོད་དུ་འཚམས་འདྲིར་ཕེབས་པའི་ཕྱི་རྒྱལ་གྱི་ཇུས་འདོན་ཚོགས་པའི་མཁས་དབང་དང་སྨྱན་སྦྱོར་མི་སྣའི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ་རེད།
རེན་ཝེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་ཚབ་ཞུས་ཏེ་འཐུས་མི་ཚོགས་པ་དང་བཅས་པ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་འབྲེལ། ཁོང་ཚོས་དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་འབྲེལ་ཡོད་རྒྱལ་ཁབ་དབར་གྱི་མཛའ་གྲོགས་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་རེད། རེན་ཝེས་བོད་ལྗོངས་ནི་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་རེད། བོད་ལྗོངས་ནི་ཀྲུང་གོ་དང་ཐ་ན་ཨེ་ཤེ་ཡའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་གལ་ཆེན་ཞིག་དང་། ཀྲུང་གོས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་འབྱེད་ཀྱི་བགྲོད་ལམ་གལ་ཆེན་ཞིག ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོང་བྱ་ཡུལ་གལ་ཆེན་ཞིག་བཅས་ཡིན་པས། བོད་ཀྱི་འཕེལ་རྒྱས་ནི་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད། དུས་རབས་གསར་པར་སླེབས་པ་ནས་བཟུང་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་། དཔལ་འབྱོར་རྒྱུན་མཐུད་མགྱོགས་མྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་བ། རྨང་གཞིའི་སྒྲིག་བཀོད་ཕྱོགས་ཡོངས་ནས་ལེགས་སུ་སོང་བ། དབུལ་པོ་དབུལ་ནག་ལོ་རྒྱུས་རང་བཞིན་གྱིས་དབུལ་སྒྲོལ་ཐུབ་པ། སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ཡག་པོ་བྱུང་བ། ཆོས་དད་རང་མོས་ལ་བརྩི་འཇོག་དང་འགན་ལེན་གང་ལེགས་བྱུང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཚང་མས་ད་ཐེངས་ཀྱི་འཚམས་འདྲིའི་གོ་སྐབས་དང་བསྟུན་ནས་བོད་དུ་མང་ཙམ་ཕེབས་པ་དང་མང་ཙམ་གཟིགས་ནས། མངོན་སུམ་དང་། སྒོ་དབྱེ། ཞི་མཐུན། དར་རྒྱས། མཛེས་སྡུག་བཅས་ལྡན་པའི་ཀྲུང་གོའི་བོད་ལྗོངས་ཤིག་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་ངོ་སྤྲོད་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
(པ་ཕན་གྱིས་བསྒྱུར། ལྷག་ཚེས་ཞུས)