《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月22日

ཕུལ་བྱུང་འཛིན་བདག་ལ་འཛོམས་དགོས་པའི་ཆ་རྐྱེན་གསུམ་གླེང་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2023ལོའི་ཟླ་9པར་འཚོགས་པའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་འཐུས་མིའི་བཞུགས་མོལ་ཚོགས་འདུར། སྤྱི་སེམས་ཆེ་ལ་རྒྱལ་ཁབ་ལ་དྲིན་ལན་གཟོ་བའི་ཕུགས་ཀྱི་དད་འདུན་བཙན་པ་དང་། རང་དཔེ་གཞན་སྟོན་གྱི་སྤྱོད་ཚུལ་བཟང་ཞིང་ཐབས་ལམ་མཁས་པོས་སློབ་ཚན་ཁྲིད་ཞོར་བློ་སྒོ་འབྱེད་ཐུབ་པའི་གསོ་སྐྱོང་ལས་ལ་བྱང་བ། སློབ་ཁྲིད་ལ་བརྩོན་ཞིང་གཞན་ཕན་ལྷག་བསམ་དག་པོས་སློབ་གསོར་ལེགས་སྐྱེས་འབུལ་སྤྲོ་བ། བློ་རྒྱ་ཆེ་ཞིང་རིག་གནས་ཀྱི་ས་བོན་ལ་བརྟེན་ནས་མི་སྣ་གསོ་སྐྱོང་ཐད་འབུངས་བ་བཅས་ཀྲུང་གོའི་སློབ་གསོ་མཁས་ཅན་ལ་དབང་བའི་ཐུན་མིན་སྙིང་སྟོབས་དར་སྤེལ་གཏོང་དགོས་པའི་བླང་བྱ་བཏོན་གནང་ཡོད། བླང་བྱ་འདིས་དུས་རབས་གསར་པའི་དགེ་རྒན་དཔུང་ཁག་དང་ལྷག་དོན་སློབ་མའི་འཛིན་བདག་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་གཞི་རྩའི་རྩ་དོན་བསྟན་ཡོད། རྩོམ་ཡིག་འདིའི་ནང་། ཕྲན་གྱིས་ལོ་འདི་དག་རིང་མཐོ་རིམ་སློབ་འབྲིང་གི་འཛིན་བདག་དང་རྩིས་རིག་སློབ་ཁྲིད་བྱས་པའི་མྱོང་བ་ཟུང་དུ་འབྲེལ་ནས། ཕུལ་བྱུང་གི་འཛིན་བདག་ཅིག་བྱེད་པར་ཆ་རྐྱེན་གཙོ་བོ་གསུམ་འཛོམས་དགོས་ཚུལ་ཐད་བགྲོ་གླེང་ཚུལ་གྱིས་གླེང་བར་བྱ།

གཅིག སློབ་མ་གསོ་སྐྱོང་གི་འགན་འཁྲི་འཁུར་ཕོད་པའི་དད་འདུན་སྲ་ཞིང་བརྟན་པ་འཛུགས་སྐྱོང་བྱེད་དགོས།

སློབ་ཁྲིད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་ནི་དགེ་རྒན་གྱི་འགན་འཁྲི་གཡོལ་ཐབས་མེད་པ་ཞིག་ཡིན་ལ། དགེ་རྒན་གྱི་བརྗིད་ཆེའི་ལས་འགན་ཞིག་ཀྱང་ཡིན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་ཁྲོད། དགེ་རྒན་དཔུང་ཁག་དང་ལྷག་དོན་འཛིན་བདག་གིས་སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ཆེད་དུ་རང་ཉིད་ལམ་སྟོན་སྒྲོན་མེ་ལྟ་བུ་ཞིག་ཡིན་པའི་འགན་འཁྲིའི་འདུ་ཤེས་ཡག་པོ་འཛུགས་རྒྱུ་ནི་ཆེས་གལ་ཆེ་བར་སྣང་། དེས་ན། མཐོ་རིམ་སློབ་འབྲིང་གི་འཛིན་བདག་ཅིག་ཡིན་པའི་ངོས་ནས། སློབ་ཁྲིད་སློབ་གསོར་བརྟེན་ནས་མི་སྣ་ཡག་པོ་ཞིག་གསོ་སྐྱོང་བྱ་རྒྱུ་ནི་སློབ་གསོའི་མཐར་ཐུག་གི་དམིགས་ཚད་ཡིན་པར་ངོས་འཛིན་ཡག་པོ་བྱེད་དགོས་ལ། མཐོ་རིམ་སློབ་འབྲིང་ནི་མི་ཚེའི་བརྒྱུད་རིམ་གལ་ཆེན་ཞིག་དང་སྒེར་གྱི་མི་ཚེའི་རིན་ཐང་ལྟ་བ་འཛུགས་སྐྱོང་གི་འགག་རྩའི་དུས་མཚམས་ཤིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་དགོས། བརྗིད་ཆེའི་འགན་འཁྲི་འདི་འདྲའི་མདུན་དུ། འཛིན་བདག་གིས་སློབ་ཁྲིད་དགེ་རྒན་གཞན་ལས་ཀྱང་སློབ་ཕྲུག་ཚོའི་གནས་ཚུལ་གསལ་གསལ་ཐིང་ཐིང་ཁོང་དུ་ཆུད་པ་བྱེད་དགོས་པའི་ཁར། རང་འགུལ་ངང་སློབ་ཁྲིད་དགེ་རྒན་གཞན་དང་འབྲེལ་མཐུད་བྱས་ནས་སློབ་ཕྲུག་གི་སེམས་ཁམས་དང་། འཚོ་བ། སློབ་སྦྱོང་། ཀུན་སྤྱོད་སོགས་ཀྱི་གནས་ཚུལ་དུས་ཐོག་ཏུ་ཤེས་པ་བྱེད་དགོས། དེ་ལྟར་བྱུང་ཚེ། སློབ་ཕྲུག་གི་སེམས་ལ་རང་ཉིད་ལ་དོ་ཁུར་བྱེད་མཁན་འཛིན་བདག་ཕ་མ་ལྟ་བུ་ཞིག་འདུག་སྙམ་སྟེ། རྒྱུན་གཏན་གྱི་སློབ་སྦྱོང་དང་འཚོ་བ། དེ་བཞིན་སེམས་ཁམས་སོགས་ཀྱི་དཀའ་གནད་ཆེ་ཆུང་ཅི་རིགས་འཕྲད་སྐབས། སློབ་ཕྲུག་ཚོར་ཐོག་མར་རང་གཞན་ཀུན་ལ་འགན་ཡག་པོ་འཁུར་མཁན་གྱི་འཛིན་བདག་སེམས་ལ་འཁོར་ནས་གནད་དོན་ཐག་གཅོད་ཐུབ་སླད་འཛིན་བདག་འཚོལ་བར་ཡོང་གི་རེད། དེ་ལས་ལྡོག་སྟེ། འཛིན་བདག་གིས་སློབ་མ་གསོ་སྐྱོང་གི་འགན་འཁྲི་ཡག་པོ་མི་འཁུར་བར། སློབ་མའི་བྱ་བ་ཆེ་ཆུང་གང་ཡོད་འཛིན་གཙོའམ་འཛིན་གྲྭའི་ཨུ་ཡོན་ཚོར་སྤྲད་ནས་བཞག་ན། འཛིན་བདག་དང་སློབ་ཕྲུག་བྱིངས་དབར་བར་ཐག་ཆོད་དེ་མ་གཞི་ནས་གཤིས་རྒྱུད་མི་གཅིག་པའི་སློབ་མ་ཚོའི་ཞིབ་ཕྲའི་གནས་ཚུལ་ལ་རྒྱུས་མངའ་ཏན་ཏིག་ཅིག་ལོན་ཐབས་བྲལ། དེས་རྐྱེན་པས་སློབ་ཕྲུག་ཚོའི་དཀའ་གནད་འཛིན་བདག་ལ་བརྗོད་མི་ནུས་པར་ལུས་ནས། མཐར་ཚབས་ཆེའི་གནད་དོན་ལ་འགྱུར་བའི་ཉེན་ཁ་ཡོད། དེར་བརྟེན། ཕུལ་བྱུང་གི་འཛིན་བདག་ཅིག་བྱེད་པར། ཆུང་ས་སློབ་ཕྲུག་གི་དཀའ་ཁག་ཅི་ཡོད་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ་དང་གང་དེ་ཐག་གཅོད་ཐུབ་རྒྱུར་རོགས་རམ་བྱས་པ་བརྒྱུད། སློབ་ཕྲུག་ཚོའི་ཡིད་ཆེས་ཐོབ་པ་བྱེད་དགོས། ཆེ་ས་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པའི་འགན་འཁྲི་སེམས་ལ་བརྟན་པོར་བཅངས་ཏེ། དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་འཛད་མཐའ་མེད་པའི་སྟོབས་ཤུགས་སྐྱེད་སྲིང་གི་ལས་འགན་ཕྲག་ཐོག་ཏུ་བབས་པ་གང་དེ་ལེགས་གྲུབ་ཡོང་ཕྱིར། བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པའི་ཕུགས་ཀྱི་དད་འདུན་སྲ་ཞིང་བརྟན་པ་ཞིག་དགོས།

གཉིས། ཤེས་རྒྱ་ཡངས་ཤིང་ཐབས་ལམ་མཁས་པོས་སློབ་མའི་བློ་ཁ་འགུག་ཐུབ་པ་བྱེད་དགོས།

སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བཅས་བྱེད་པར། མཐོ་སློབ་ཚུད་པའི་རྒྱ་ཆེའི་དགེ་རྒན་ཚོས་སློབ་ཁྲིད་ལས་རིགས་དེ་ཉིད་བྱ་གཞག་འགངས་ཆེན་ཞིག་ཏུ་བརྩིས་དགོས་པ་མ་ཟད། དགེ་རྒན་རང་ཉིད་སློབ་གསོ་མཁས་ཅན་ཞིག་ཏུ་འགྱུར་བ་བྱེད་དགོས། སྤྱིར་མཐོ་རིམ་སློབ་འབྲིང་གི་སློབ་གསོའི་བྱ་གཞག་ནི་ལས་ཀའི་རྣམ་གྲངས་མང་བ་དང་། རྙོག་འཛིང་ཆེ་ལ། གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ཞིང་། སྒོས་སུ་འཛིན་བདག་གི་ལས་ཀ་ནི་སློབ་ཁྲིད་སློབ་གསོའི་ལས་དོན་ཁྲོད་གལ་འགངས་ཧ་ཅང་ཆེ་བའི་ལས་ཀ་ཞིག་ཡིན་པར་སེམས། ཞིབ་ཕྲའི་ལག་ལེན་ཁྲོད། སློབ་ཁྲིད་ནི་གཞི་རྩའི་ཐབས་ལམ་ཞིག་དང་སློབ་གསོ་ནི་ཆེས་མཐར་ཐུག་གི་དམིགས་ཡུལ་དེ་ཡིན་གཤིས། འཛིན་བདག་ཅིག་གི་ངོས་ནས། དུས་དང་རྣམ་པ་ཀུན་ཏུ་སློབ་ཕྲུག་རྣམས་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱ་རྒྱུ་དེ་རང་ལ་དཀྲིས་པའི་ལས་འགན་གལ་ཆེན་ཞིག་ཡིན་པར་ངོས་བཟུང་སྟེ། སློབ་གསོའི་ཆོས་ཉིད་དང་སློབ་མའི་གཟུགས་གཞི་དང་སེམས་ཁམས་ཀྱི་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བལྟོས་ནས། གསོ་སྐྱོང་དམིགས་ཚད་དང་། སློབ་ཁྲིད་ཀྱི་འདུ་འགོད། སློབ་གསོའི་བརྒྱུད་རིམ། སློབ་ཁྲིད་ཐབས་ཤེས་སོགས་ཕྱོགས་ཡོངས་ནས་སློབ་གསོ་སློབ་ཁྲིད་དང་འབྲེལ་བའི་ཞིབ་འཇུག་བྱེད་དགོས་པ་དང་། དེའི་རྨང་གཞིའི་སྟེང་ད་དུང་སློབ་ཁྲིད་དང་སློབ་གསོའི་ལག་ལེན་དངོས་དང་ཟུང་འབྲེལ་བྱས་ཏེ། ཉམས་མྱོང་ལ་ཕྱོགས་བསྡོམ་དང་། ཆོས་ཉིད་ལ་བསམ་གཞིག ཐབས་ལམ་གསར་གཏོད། བློ་སྒོ་འབྱེད་པ་བཅས་ལ་སྤྲོ་བའི་རང་ངོས་ཀྱི་འཇོན་ཐང་སྐྱེད་སྲིང་བྱེད་དགོས། དེའང་དགེ་རྒན་རང་ཉིད་སློབ་གསོ་མཁས་ཅན་ཞིག་ལ་འགྱུར་བ་བྱེད་པར། ཐོག་མར་རང་ཉིད་ཀྱི་སློབ་མར་རྒྱུས་མངའ་ཡོད་པ་དང་སྤྱི་ཚོགས་ལ་ཤེས་ལྡན་མི་སྣ་གང་འདྲ་ཞིག་དགོས་མིན་ལ་རྒྱུས་མངའ་བྱེད་པ་དེ་སྔོན་འགྲོའི་ཆ་རྐྱེན་ལ་འཁུམས། དེ་ནི་ལས་ཀ་རྙོག་འཛིང་ཆེ་བ་ཞིག་ཡིན་སྟབས། དགེ་རྒན་དང་ལྷག་དོན་འཛིན་བདག་གི་ཤེས་རྒྱར་རེ་བ་མཐོ་པོ་བཅོལ་ཡོད་པ་མ་ཟད། སློབ་ཕྲུག་ལ་འཕྲད་པའི་གནད་དོན་ཐག་གཅོད་བྱེད་པའི་ཁྲོད། སློབ་མའི་བདེ་ཐང་གི་འཚར་ལོངས་ལ་ཤུགས་རྐྱེན་མི་བཟོ་བའི་ཐབས་ལམ་ནུས་ལྡན་ཡོད་དགོས། དེ་ལྟར་བྱུང་ཚེ། རྙོག་འཛིང་ཆེ་བའི་སློབ་གསོ་སློབ་ཁྲིད་ཀྱི་ལས་གཞི་དེ་ངང་རྒྱུད་རིང་པོས་ལག་ལེན་བསྟར་བའི་ཁྲོད། རང་གིས་སྐྱོང་བྱའི་སློབ་མ་ཚོའི་ཡིད་དབང་འགུག་ཐུབ། ལྡོག་ན་སློབ་མའི་བདེ་ཐང་འཚར་ལོངས་ཀྱི་གོ་སྐབས་འཐུས་ཤོར་དུ་འགྲོ་བ་མ་ཟད། ཚབས་ཆེ་ཚེ་མི་ཚེ་ཧྲིལ་པོར་ཤུགས་རྐྱེན་ངན་པའང་ཐེབས་སྲིད། དུས་མཚུངས་སུ། གོང་རིམ་དང་སློབ་གྲྭས་ཀྱང་དགེ་རྒན་དང་ལྷག་དོན་འཛིན་བདག་ཚོར་སྟབས་བསྟུན་གྱི་གསོ་སྦྱོང་བྱས་ཏེ། སློབ་གྲྭ་སྤྱི་ཡོངས་ཀྱི་དགེ་རྒན་གྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་དགོས།

གསུམ། སློབ་ཕྲུག་ལ་དགའ་ཞེན་ཆེ་ཞིང་དཀའ་ངལ་ཁུར་དུ་བཟོད་པའི་སྙིང་སྟོབས་ལྡན་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དགེ་རྒན་བཟང་པོའི་གོ་དོན་ལ་འགྲེལ་པ་བསྐྱོན་གནང་སྐབས། དགེ་རྒན་ཞིག་ཡིན་ཚེ། སེམས་ལ་ཆེ་འདོད་གཞན་མེད་པར་བཤད་སྟེགས་གྲུ་བཞི་དེ་དང་ཚེ་གང་མི་བྲལ་བ་ཞིག་དགོས་ལ། ཤེས་བྱ་བརྒྱུད་སྤྲོད་ཀྱི་ལས་ཁོ་ནར་བརྩོན་ནས་མི་སྡོད་པར་སློབ་ཕྲུག་གི་ཀུན་སྤྱོད་དང་། རིན་ཐང་དོན་གཉེར། ལྟ་བ་འཁྱེར་ཕྱོགས་བཅས་ཀྱི་བྱ་བ་མི་འཕྱུགས་པ་བྱེད་མཁན་གྱི་བཤེས་གཉེན་ཆེ་མོ་བ་ཞིག་ཡིན་དགོས་ཞེས་གསུངས་མྱོང་། མི་དམངས་ཀྱི་སློབ་གསོ་མཁས་ཅན་ཡུས་དབྱི་ཡིས་ལེགས་བཤད་འདི་འདྲ་ཞིག་གསུངས་མྱོང་སྟེ། ཁྱོད་རང་མི་ཚེ་ཧྲིལ་པོ་དགེ་རྒན་གྱིས་ཤིག་ཨང་། ཁྱོད་རང་མི་ཚེ་ཧྲིལ་པོར་དགེ་རྒན་ཞིག་ཆགས་པར་འབད་ཅིག་ཨང་ཞེས་སོ། དེ་ལས་དགེ་རྒན་ཡག་པོ་ཞིག་བྱེད་རྒྱུ་ནི་ལས་སླ་པོ་ཞིག་རྩ་བ་ནས་མིན་པ་རྟོགས་ཐུབ་སྙམ། མཐོ་རིམ་སློབ་འབྲིང་གི་དུས་སྐབས་ནི་དམའ་འབྲིང་དང་སློབ་ཆུང་དུས་དང་མི་འདྲ་བར། བསླབ་གཞི་བཀོད་སྒྲིག་མང་ཞིང་། ནང་དོན་ཟབ་ལ་རྒྱ་ཆེ་བ། ཤེས་བྱའི་གནས་ལུགས་ལྐོག་འགྱུར་ཤས་ཆེ་བ། སློབ་སྦྱོང་གི་ལས་འགན་ལྕི་བ། བགྲོད་རིམ་མགྱོགས་པ་སོགས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད། སློབ་མ་ཚོའི་གཟུགས་གཞི་དང་སེམས་ཁམས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་ཁ་ལོ་སྒྱུར་མཚམས་གལ་ཆེན་ཞིག་ཏུ་སླེབས་རྐྱེན། གཙོ་བོ་སློབ་གསོར་བརྟེན་ནས་མི་ཚེའི་རིན་ཐང་ལྟ་བ་ཡང་དག་འཛུགས་སྐྱོང་ཐད་འཛིན་བདག་གི་ནུས་པ་འདོན་རྒྱུ་ནི་འགག་རྩར་ཐུག་ཡོད། དེའང་སློབ་གསོ་ཡག་ཤོས་ནི་བརྩེ་བའི་སློབ་གསོ་ཡིན་ཞིང་། འཛིན་བདག་ཅིག་གི་ངོས་ནས་དང་ཐོག་མར་སློབ་ཕྲུག་ལ་དགའ་ཞེན་འཆང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེའོ། རྒྱུན་གཏན་འཛིན་གྲྭའི་ནང་། སློབ་གྲྭ་ནས་བྲོས་བྱོལ་ལ་འགྲོ་མཁན་དང་། རྐུ་ཇག་ཧམ་འཁྱེར་བྱེད་མཁན། རྩོད་རྒྱག་རྡུང་རེས་གཏོང་མཁན། སེམས་གུ་དོག་པོར་སྡོད་མཁན། མགོ་སྐོར་བསླུ་བྲིད་ཐེབས་མཁན། མིག་ལ་སུའང་མི་འགྲོ་མཁན་སོགས་སློབ་མ་སྣ་ཚོགས་པ་ཡོད་སྲིད། སློབ་ཕྲུག་དེའི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་སྐབས་ཁ་ནས་གནས་ལུགས་ཤོད་ཤོད་དང་ནང་མི་བསྐོང་བསྐོང་གཅིག་པུའི་ཐབས་ལ་མི་བརྟེན་པར། གཙོ་བོ་གདུང་སེམས་མཉམ་སྐྱེས་ཐོག་ནས་དེ་ལྟར་ཆགས་པའི་རྒྱུ་རྐྱེན་གང་ལ་རག་ལུས་པ་འཚོལ་ཞིབ་ལ་འབད་དགོས་པ་སྟེ། མ་གཞི་ཁོང་ཚོ་ནི་སློབ་མ་ཕུལ་བྱུང་ཞིག་མིན་ཡང་། འཛིན་བདག་གིས་ཁོང་ཚོ་ནི་ཁྱིམ་ཚང་གི་གཅེས་ཕྲུག་དང་མེས་རྒྱལ་གྱི་ཤུལ་འཛིན་པ་ཤ་སྟག་ཡིན་པར་བརྩིས་ནས་བདེ་ཐང་ངང་འཚར་ལོངས་ཡོང་ཐབས་ལ་དཀའ་སྤྱད་འབད་འཐབ་བྱེད་དགོས། དེ་ལྟར་ན། སློབ་མ་དེ་ཚོར་ནམ་ཞིག་སེམས་འགུལ་ཐེབས་ནས་ནོར་འཁྲུལ་ཡོ་བསྲང་དང་སྔོན་ཆད་རྒྱབ་བསྐྱུར་གྱི་ཆོད་སེམས་སྐྱེས་མི་སྲིད་པ་ཅི་ལ་སྲིད། སློབ་མ་ཚོས་རྙོག་འཛིང་ཆེ་བའི་ཆ་འཕྲིན་ལ་རིག་པ་དྭངས་གསལ་གྱིས་དབྱེ་འབྱེད་བྱེད་པ་དང་། འཕོ་འགྱུར་ཆེ་བའི་དུས་བབ་འོག་ཏུ་ཕུགས་འདུན་དོན་གཉེར། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་རྒྱང་ལམ་རིང་པོའི་སྟེང་སོ་སོའི་མི་ཚེའི་རིན་ཐང་མངོན་འགྱུར་བཅས་ཀྱི་ཆེད་དུ་དཀའ་ཁག་དང་དུ་ལེན་ཕོད་མཁན་འཛིན་བདག་གཅིག་ཡིན་ཚེ་འབྲས་བཟང་མི་ཐོབ་པའི་སེམས་ཁྲལ་ནམ་ཡང་མ་མཆིས་སོ།

མདོར་ན། འཛིན་བདག་ནི་སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་ལས་དོན་གྱི་བླ་སྲོག་ལྟ་བུ་ཡིན་ཞེས་གདེང་འཇོག་མཐོ་པོ་བྱེད་པ་ལྟར། འཛིན་བདག་ཅིག་གི་ངོས་ནས། ཐོག་མཐའ་བར་གསུམ་དུ་མི་སྣ་གསོ་སྐྱོང་བྱེད་པ་དེ་རང་ཉིད་ཀྱི་ཆེས་གོང་ན་མེད་པའི་ལས་འགན་དང་ཆེས་རླབས་ཆེ་བའི་བྱ་གཞག་ལ་བརྩིས་ཏེ། རང་ཉིད་ཀྱི་ཆེད་ལས་ཤེས་བྱ་སློབ་མ་ཚོར་བུམ་པ་གང་བྱོའི་ཚུལ་གྱིས་འཆད་ཁྲིད་བྱེད་ཞོར་ལ། སློབ་མའི་སེམས་ཁམས་དང་། སློབ་སྦྱོང་། འཚོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་མངའ་ཡང་དག་བྱས་ཐོག ངང་རྒྱུད་རིང་པོས་སློབ་མ་ཚོའི་རིན་ཐང་ལྟ་བ་ཡང་དག་སྐྱེད་སྲིང་ཐུབ་པར་མཛུབ་ཁྲིད་ཆུ་མོའི་རྒྱུན་ལྟར་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་མཐོང་། ཡང་སྒོས་འཛིན་བདག་རང་ངོས་ཀྱི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་དང་། ཁྱིམ་བདག་དང་འབྲེལ་འདྲིས་བྱེད་པའི་ནུས་པ་ཆེར་གཏོང་། སློབ་མའི་ལུས་སེམས་བདེ་ཐང་ལ་ལྟ་རྟོག ཕྱོགས་རིས་མེད་པའི་སྒོ་ནས་བདེན་དོན་བློས་བསླངས། སྤྱི་ཚོགས་ཀྱི་དགོས་མཁོར་དམིགས་ནས་བློ་སྒོ་ཕྱེ་བ་སོགས་བརྒྱུད། མི་སྣ་གསོ་སྐྱོང་གི་དཀའ་ཚེགས་ལ་མི་སྐྲག་པར་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་ལས་འགན་ཕྲག་ཐོག་ཏུ་འཁུར་ཐུབ་མཁན་གྱི་མི་གསར་བསྐྱངས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་དང་མི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་སླད་སྟོབས་ཤུགས་སྐྱེས་སུ་འབུལ་བར་སྤྲོ་བས་ཕྱུག་དགོས་སྙམ་མོ།། (ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོའི་དགེ་རྒན་བསོད་ནམས་ཟླ་བཟང)