འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། དཔྱིད་རྨོད་དཔྱིད་གྲབས་དེ་བས་ལེགས་པའི་སྒོ་ནས་ཡག་པོ་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་འགྲིགས་ཤང་གིས་འགག་རྩའི་ལག་རྩལ་ལ་དམིགས་ཏེ་བཀོད་གཏོང་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་ལས་ལག་རྩལ་ཞབས་ཞུར་ཤུགས་སྣོན་རྒྱག་པ། ཞིང་ལས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ལས་དོན་ཡག་པོ་སྒྲུབ་པ། ཐབས་མང་མཉམ་སྤྱོད་ཀྱིས་དཔྱིད་རྨོད་དཔྱིད་གྲབས་གཏིང་ཟབ་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། དཔྱིད་རྨོད་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བཅས་བྱས་ནས་འབྲུ་རིགས་ཐོན་སྐྱེད་ལས་དོན་གྱི་འགོ་ཡག་པོ་བཙུགས་པ་རེད།
གསར་འགོད་པར་ཞིང་ནང་དང་མུ་ཁ་ནས་མཐོང་བར། གྲོང་མི་ཚོ་ཆུ་ཡུར་དང་། ཞིང་འཕྲུལ་འགྲོ་ལམ། ཞིང་འཕྲུལ་སྒྲིག་ཆས་བཅས་ཉམས་བཟོ་བྱེད་པ་དང་། ས་བོན་འདེམས་སྒྲུག ས་ཁོད་སྙོམས་པ། རྨོད་རྒྱག་པ། ལུད་རྒྱག་པ་བཅས་ལ་བྲེལ་བཞིན་ཡོད་པ་རེད།
སྨུག་གཞུང་གི་ཚད་གཞི་མཐོ་བའི་ཡུག་ཁུལ་ཞིང་ནང་དུ་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཆེད་ལས་ལག་རྩལ་པ་ལ་ལས་ལག་ཏུ་ཚད་ལེན་ཡོ་བྱད་བཟུང་ནས་རྒྱ་ཁྱོན་འཇལ་བ་དང་། ལ་ལས་མང་ཚོགས་ལ་འདེབས་འཛུགས་ལག་རྩལ་སློབ་པ་དང་འགྲེལ་བཤད་རྒྱག་པ། ལ་ལས་མང་ཚོགས་ལ་འཕྲུལ་ཆས་དང་སྒྲིག་ཆས་ཉམས་བཟོ་བྱེད་རོགས་བྱེད་པ་བཅས་གང་ས་གང་ནས་ཞིང་ནང་དུ་སོ་ནམ་ལ་བྲེལ་བའི་རྣམ་པ་ཞིག་མངོན་གྱི་ཡོད། (སྐལ་མཆོག་གིས་བསྒྱུར། སྤེན་ཚེས་ཞུས)