འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ཚུན་དུ། མངའ་རིས་ས་ཁུལ་ཞིང་ལས་གྲོང་གསེབ་ཅུས་ཀྱིས་2024ལོའི་ཞིང་ལས་ཐོན་སྐྱེད་དམིགས་ཚད་ལས་འགན་ལ་སྔ་སྣུར་དུ་ཞིབ་འཇུག་དང་འགན་འཁྲི་རིམ་པ་བཞིན་ནན་དུ་བཏང་སྟེ། དམིཌ་ཚད་ལས་འགན་ཁག་རྫོང་དང་། ཤང་། གྲོང་ཚོ། ཚོགས་ཆུང་བཅས་དང་ཞིང་ནང་དུ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་ས་ཁུལ་ཞིང་ལས་གྲོང་གསེབ་ཅུས་ཀྱིས་ད་དུང་རྫོང་དང་ཤང(གྲོང་རྡལ)གི་ཞིང་ལས་ལག་རྩལ་ཁྱབ་གདལ་མི་སྣ་ཕྱོགས་ཡོངས་ནས་སྒྲིག་འཛུགས་བྱས་ཏེ། སྔ་སྣུར་དུ་གྲ་སྒྲིག་དང་ཁ་གཏད་ཧུར་ཐག་བཅག་ནས་ཞིང་འཕྲུལ་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་འགོག་སྲུང་འཛིང་རགས་ཕྱོགས་ཡོངས་ནས་བརྟན་དུ་བཏང་བ་དང་། ཞིང་འཕྲུལ་གྱི་མཛུབ་ཁྲིད་ལས་དོན་ཡག་པོ་བསྒྲུབས་ཤིང་། ཞིང་འཕྲུལ་ཞིབ་བཤེར་བཟོ་བཅོས་དང་། ཉམས་བཟོ། བདག་སྐྱོང་བཅས་ལ་མཛུབ་ཁྲིད་དང་རོགས་རམ་བྱས་ཏེ་ཞིང་འཕྲུལ་སྣ་ཚོགས་བཀོད་སྒྲིག་བྱས་པ། ཞིང་པར་སྔ་ཙམ་འཕྲུལ་ཆས་ཉོ་དགོས་པའི་དྲིལ་བསྒྲགས་དང་སྐུལ་ལྕག་བྱས་ཏེ་དཔྱིད་རྨོད་ཐོན་སྐྱེད་ལ་གྲ་སྒྲིག་ཡག་པོ་བྱས་པ། རྨོ་ཞིང་གི་སྤུས་ཚད་སྲུང་སྐྱོང་གི་བྱ་སྤྱོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཞིང་། འབྲུ་རིགས་ཀྱི་བདེ་འཇགས་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས། ཞིང་ལས་སྐྱེ་ཁམས་ཀྱི་བདེ་འཇགས་བཅས་འགན་ལེན་བྱེད་པ་དམིགས་ཡུལ་དུ་བཟུང་ནས། ཞིང་སྐྱོར་ཞིང་ཕན་སྲིད་ཇུས་ཀྱི་ཕྱོགས་སྟོན་མཐའ་འཁྱོངས་དང་། ས་གནས་ས་ཐོག་ཏུ་ལག་རྩལ་མཛུབ་ཁྲིད་དང་གསོ་སྦྱོང་སོགས་ཀྱི་བྱ་ཐབས་སྤྱད་དེ། ལུད་བཟོ་སྟངས་དང་ས་རྒྱུ་ལེགས་བཅོས་ལག་རྩལ་རྒྱུན་མཐུད་ངང་ཁྱབ་གདལ་དང་བེད་སྤྱོད་བྱས་ཡོད། (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)