འདི་ལོ་ཚུན་དུ་སྟོད་ལུང་བདེ་ཆེན་ཆུས་ཀྱིས་མི་ཡག་པོ་འདེམས་པ་དང་། རྩལ་ཡག་པོ་སྦྱོང་བ། ཤུགས་ཡག་པོ་རྒྱག་པ་བཅས་ལ་བརྟེན་ནས་གཞི་རིམ་གྱི་སྒྲོག་འགྲེལ་དཔུང་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཅིང་། “རིགས་དབྱེ་ཅན་དང་། མཉམ་འགུལ་ཅན། ཚད་ལྡན་ཅན”བཅས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། ཐོན་ཁུངས་དེ་སྒྲོག་འགྲེལ་ཕྱོགས་སུ་གཅིག་སྡུད་དང་སྟོབས་ཤུགས་དེ་སྒྲོག་འགྲེལ་ཕྱོགས་སུ་འདོན་པར་སྐུལ་འདེད་གཏོང་བ། གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས་གཞི་རིམ་གྱི་སྒྲོག་འགྲེལ་ལས་དོན་གྱི་ཕན་འབྲས་དངོས་ཆེ་རུ་ཏན་ཏིག་བཏང་ཡོད།
A“རིགས་དབྱེ་ཅན”མངོན་གསལ་དོད་པོ་ཡོང་བར་བྱས་ནས་མང་ཚོགས་ལ་འཚམ་པའི་སྒྲོག་འགྲེལ་ཡག་པོ་བྱས་པ།
འདི་ལོ་ཚུན་དུ། སྟོད་ལུང་བདེ་ཆེན་ཆུས་ཀྱིས་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ལག་ལེན་ཉམས་མྱོང་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཤིང་། “གཞི་རིམ་དུ་སྐྱོད་པ་བཞིའི”ལས་ཀའི་ལམ་སྲོལ་དང་ཟུང་འབྲེལ་གྱིས་གྲོང་ཚོ་མཉམ་འབྲེལ(སྡེ་ཁུལ)འགན་གཙང་ལེན་པ་དང་དགོན་སྡེར་བསྐྱོད་དེ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས། “འདུ་ཤེས་གསུམ”སོགས་སྒྲོག་འགྲེལ་སྣ་ཚོགས་བྱས་ཡོད། དེའི་ཁྲོད་སྟོད་ལུང་བདེ་ཆེན་ཆུས་ཀྱི་རྫོང་རིམ་པའི་འགོ་ཁྲིད་ཀྱིས་དཔེ་སྟོན་སྣེ་ཁྲིད་བྱས་ནས། སྒྲོག་འགྲེལ་ཐེངས་40ལྷག་ཙམ་བྱས་པར་མང་ཚོགས་མི་ཐེངས་2000ལྷག་ཙམ་ཞུགས་ཡོད།
དེ་དང་ཆབས་ཅིག་སྟོད་ལུང་བདེ་ཆེན་ཆུས་ཀྱིས་རིགས་གཅིག་མཁས་ཅན་ཚོགས་པའི་རིགས་པའི་གཞུང་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པའི་ཁར། བོད་ལྗོངས་སློབ་ཆེན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་ཀྲའོ་ཅུན་དང་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་རིམ་པ་དང་པོའི་སྐོར་གཟིགས་པ་འཇིགས་མེད་རྡོ་རྗེ་སོགས་རིགས་གཅིག་མཁས་ཅན་གདན་དྲངས་ནས་སྲིད་ཇུས་དང་རིགས་པའི་གཞུང་ལུགས་གསལ་འགྲེལ་བྱས་ཡོད། གཞི་རིམ་གྱི་ཞིང་འབྲོག་པའི་སྒྲོག་འགྲེལ་པས་མང་ཚོགས་དང་ཉེ་བཅར་གྱི་ལེགས་ཆ་འདོན་སྤེལ་བྱས་ཤིང་། གཞི་རིམ་གྱི་ཞིང་འབྲོག་པའི་སྒྲོག་འགྲེལ་པར་ཞིང་ནང་མུ་ཁ་དང་ཇ་ཁང་སོགས་སུ་ཧུར་ཐག་བསྐྱོད་དེ། “མི་སེར་གྱི་སྒྲོག་འགྲེལ་པའི”རྣམ་པར་བརྟེན་ནས་མི་སེར་གྱི་གཏམ་རྒྱུད་གསོན་ཉམས་དོད་པོས་ཤོད་རྒྱུའི་ཁྲིད་སྟོན་བྱས་ནས་སྒྲོག་འགྲེལ་བྱེད་པོ་རིགས་དབྱེ་ཅན་དུ་འགྱུར་བ་བྱས་ཡོད། མིག་སྔའི་བར་སྒྲོག་འགྲེལ་ཐེངས་60ལྷག་ཙམ་བྱས་པར་མང་ཚོགས་མི་ཐེངས་1500ལྷག་ཙམ་ཞུགས་ཡོད་པ་རེད།
B “མཉམ་འགུལ་ཅན”མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཐེ་ཞུགས་བྱེད་རྒྱ་ཆེ་རུ་བཏང་བ།
ཉེ་བའི་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་བདེ་ཆེན་དང་། ཕུན་ཚོགས་སྒྲོལ་དཀར། ཁྱི་སྐྱག བློ་བཟང་ལྷག་པ་སོགས་རྩེར་སོན་སྒྲོག་འགྲེལ་པ་ཚོར་མི་གཅིག་གིས་ཤོད་པ་དང་མི་མང་པོས་ཉན་པའི་སྲོལ་རྒྱུན་གྱི་སྒྲོག་འགྲེལ་བྱེད་སྟངས་དོར་ཏེ། “ཤོད་མཁན་དང་ཉན་མཁན་མཉམ་འགུལ”གྱི་ཐབས་ལམ་གསར་པ་རྒྱ་སྐྱེད་ཧུར་ཐག་བཏང་ནས་མང་ཚོགས་ཀྱི་བསམ་འདུན་ཤེས་རྟོགས་དང་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པའི་ཁྲིད་སྟོན་བྱས་ཡོད།
དེ་དང་ཆབས་ཅིག་སྟོད་ལུང་བདེ་ཆེན་ཆུས་ཀྱིས་དྲ་ཐོག་དང་དྲ་ཕྱི་ཕྱོགས་གཉིས་ཀ་ནས་ཤུགས་རྒྱག་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཤིང་། དྲ་ཕྱི་ནས“རྐུབ་སྟེགས་སྒྲོག་འགྲེལ་ཚོགས་འདུ”དང་། “དུས་ཚོད་ཡག་ཤོས་ཀྱི་སྐར་མ་བཅོ་ལྔའི་སྒྲོག་འགྲེལ་ཚོགས་འདུ” “ཇ་ཁང་གི་སྒྲོག་འགྲེལ་ཆུང་ངུ”སོགས་ཀྱི་རྣམ་པ་བརྒྱུད་ངོ་ཐུག་གདོང་འཕྲད་ཀྱིས་རིགས་པའི་གཞུང་ལུགས་གསལ་པོར་བཤད་པ་དང་མང་ཚོགས་དང་ཉེ་བཅར་གྱིས་སྲིད་ཇུས་གསལ་པོ་བཤད་པ་དང་། དྲ་ཐོག་ནས་ཁྱི་སྐྱག་དང་། བདེ་ཆེན། བློ་བཟང་ལྷག་པ། ཕུན་ཚོགས་སྒྲོལ་དཀར། གྲགས་པ་དབང་ལྡན། བཅོ་ལྔ་སོགས་རྩེར་སོན་སྒྲོག་འགྲེལ་པ་གདན་དྲངས་ཏེ་སྒྲོག་འགྲེལ་ཐུང་ངུའི་ཆེད་སྒྲིག་ལེ་ཚན་ཇུས་འགོད་བྱས་ནས་བཟོས་པ་དང་བརྙན་ཐུང་ཐེངས་30བསྟན་ནས་དུས་ཚོད་དང་བར་མཐོངས་ཀྱི་ཚད་བཀག་ནུས་ལྡན་བསལ་ཡོད་ལ་བརྒྱུད་སྤེལ་གྱི་ཕན་འབྲས་ཀྱང་ཆེ་རུ་བཏང་ཡོད།
C “ཚད་ལྡན་ཅན”མངོན་གསལ་དོད་པོ་ཡོང་བར་བྱས་ནས་བློ་ཡིད་ཚིམ་ཚད་མཐོ་རུ་བཏང་བ།
གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ནི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་འཐབ་ས་དང་པོ་དང་། མང་ཚོགས། མི་སེམས་བཅས་ལ་གཏིང་ཟབ་ཟུག་པར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་དང་། དམངས་སེམས་དང་དམངས་འདོད་གཅིག་ཏུ་སྒྲིལ་བ་དང་གཞི་རིམ་མང་ཚོགས་ཀྱིས་དོ་ཁུར་བྱེད་པར་ལན་འདེབས་པའི་ཐབས་ལམ་གལ་ཆེན། རིགས་པའི་གཞུང་ལུགས་དྲིལ་བསྒྲགས་ཀྱི“མཐའ་མའི་འགག་གནད”སེལ་བའི་ཐབས་ལམ་གལ་ཆེན་བཅས་རེད། དུས་རབས་གསར་པར་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་རིང་སྒྲོག་འགྲེལ་དཔུང་ཁག་ལ་རེ་བ་སྔར་ལས་མཐོ་བ་བཏོན་ཡོད་པས་ཕྱི་ནང་ཟུང་འབྲེལ་ལ་མཐོང་ཆེན་བྱས་ནས་སྒྲོག་འགྲེལ་དཔུང་ཁག་སྟོབས་ཆེར་གཏོང་དགོས་ཀྱི་ཡོད།
ཆབ་སྲིད་ཐད་ཉམས་སད་ཐེག་པ་དང་། འཇོན་ཐང་ཆེ་བ། གཞུང་འཁྱོངས་གསར་འབྱེད་བཅས་ཀྱི་སྒྲོག་འགྲེལ་དཔུང་ཁག་ཅིག་འཛུགས་ཆེད། སྟོད་ལུང་བདེ་ཆེན་ཆུས་ཀྱིས་རིམ་པ་བཞིན་འགག་སྒོ་ནན་པོ་སྲུང་བ་དང་ཕུལ་བྱུང་ནང་ནས་ཕུལ་བྱུང་འདེམས་པར་འགན་ལེན་བྱེད་པའི་རྩ་དོན་གཞིར་བཟུང་། དཔྱད་ཞིབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ལོ་འཁོར་གྱི་སྒྲོག་འགྲེལ་པའི་དཔྱད་ཞིབ་ལམ་སྲོལ་ལག་བསྟར་ནན་པོ་བྱས་ཏེ། གྲོང་ཚོ(སྡེ་ཁུལ)དང་གྲོང་རྡལ(ཁྲོམ་གཞུང)གྱིས་སྒྲོག་འགྲེལ་པའི་རྒྱུན་གཏན་གྱི་ལས་ཀའི་རྣམ་འགྱུར་དང་ཟུང་འབྲེལ་གྱིས་དཔྱད་ཞིབ་གྲོས་འགོ་བཏོན་པ་དང་ཤེས་དཔལ་གཞུང་ལས་ཁང་ལ་ཞིབ་བཤེར་གཏན་འབེབས་བྱེད་པར་ཕུལ་ནས་ཕུལ་དུ་བྱུང་བ་དང་། ལས་གོ་འཕེར་བ། སྤྱིར་ན་ལས་གོ་འཕེར་བ། ལས་གོ་མི་འཕེར་བ་བཅས་རིམ་པ་བཞི་ལ་གཞིགས་ཏེ་དཔྱད་ཞིབ་བྱས་ཡོད། རྨང་གཞི་དེའི་སྟེང་སྟོད་ལུང་བདེ་ཆེན་ཆུས་ཀྱིས་རྩེར་སོན་སྒྲོག་འགྲེལ་པ་དཔྱད་བསྡུར་དང་། སྒྲོག་འགྲེལ་རྐང་འཛིན་པ་གསོ་སྐྱོང་འདེམས་སྒྲུག་གི་གཅུན་སྡོམ་ལྕག་སྐུལ་བཅས་ཀྱི་ལམ་སྲོལ་བཙུགས་ཤིང་། དཔྱད་ཞིབ་བྱས་འབྲས་དང་ཟུང་འབྲེལ་གྱིས་ཁ་གསབ་དང་བྱ་དགའ་སྤྲོད་པའི་རྣམ་པར་བརྟེན་ནས་སྒྲོག་འགྲེལ་བྱེད་པོའི་ནང་སྐྱེས་སྒུལ་ཤུགས་སྔར་བས་འཕེལ་བར་བྱས་ཡོད་ལ། རྒྱ་ཆེའི་གཞི་རིམ་གྱི་ཞིང་འབྲོག་པའི་སྒྲོག་འགྲེལ་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་གང་ལེགས་བྱས་ཡོད། 2023ལོར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་བྱ་དགའི་དངུལ་ཁྱོན་སྒོར་ཁྲི་14ལྷག་ཙམ་སྤྲད་ཡོད།
(སྐལ་མཆོག་གིས་བསྒྱུར། སྤེན་ཚེས་ཞུས)