《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月22日

མི་སེར་གྱི་བདེ་སྐྱིད་གཏམས་པའི་ས་མཐོའི་སྐོལ་ཆས།

ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་བྱ་མང་ཤང་ཕོ་རོང་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐྱིད་བདེས“ངའི་ཕ་ཡུལ་དུ་ཆུ་འཁོལ་སྐབས་ཧྲེ་ཧྲི་ཏུའུ་85ལས་ཟིན་གྱི་མེད་ལ། ལྟོ་ཆས་བཟོ་སྐབས་ཀྱང་འཚོས་ཁག་པ་དང་འགོར་བ་ནི་འབྲོག་པ་མང་ཚོགས་ཀྱི་འཚོ་བར་འཕྲད་པའི་དཀའ་གནད་ཅིག་རེད། ད་ཆ་ས་མཐོའི་མང་ཚོགས་ཀྱི་དགོས་མཁོ་སྐོང་ཆེད་ཆེད་མངགས་ཞིབ་འཇུག་དང་གསར་བཟོ་བྱས་པའི་དབུགས་རྡིག་གསར་པས་ཡུལ་འདི་གའི་མང་ཚོགས་ཀྱི་དཀའ་གནད་དེ་བསལ་ཡོད”ཅེས་བརྗོད།

“ས་མཐོའི་སྐོལ་ཆས”དེ་མ་ཐོན་གོང་ས་མཐོར་ཆེད་དུ་ཐོན་སྐྱེད་བྱས་པའི་ཐབ་ཆས་གཅིག་ཀྱང་མེད། ལྟོ་ཆས་འཚོས་པོ་བཙོ་བ་དང་ཆུ་ཧྲེ་ཧྲི་ཏུའུ་100བར་བསྐོལ་བའི་རྒྱུན་གཏན་གྱི་བྱ་བ་འདི་དག་ནི་ས་བབ་མཐོ་ཚད་སྨི་3000ཡན་ཟིན་པའི་ས་མཐོར་ལས་སླ་པོ་ཞིག་གཏན་ནས་མ་རེད། “ས་མཐོའི་སྐོལ་ཆས”གཅིག་ལས་བྱ་བ་དེ་དག་ལས་སླ་རུ་སོང་ཡོད།

ས་མཐོར་མི་སེར་གྱིས་སྲོལ་རྒྱུན་གྱི་དབུགས་རྡིག་སྤྱོད་སྐབས་རྙོག་དྲ་ཆེ་བ་དང་བྱེད་ནུས་གཅིག་ལས་མེད་པ་མ་ཟད། ཆུ་གཤོས་ནས་དབུགས་ཤུགས་གཅོག་དགོས་པ་དང་དབུགས་གློད་དུས་ཚོད་རིང་བས། ལྟོ་ཆས་ཀྱི་བྲོ་བ་སྐྱོ་རུ་འགྲོ་ཡི་ཡོད། ལག་རྩལ་གསར་གཏོད་བྱས་ནས་གནད་དོན་དེ་དག་ཐག་གཅོད་ཐུབ་སྲིད་དམ། ས་མཐོར་དངོས་གནས་འཚམ་པའི་ནུས་མང་ཐབ་ཆས་ཞིབ་འཇུག་གསར་སྤེལ་བྱེད་ཐུབ་བམ།

ཀྲུང་གོ་རྒྱུན་མཁོའི་ལྕགས་རིགས་ལག་རྩལ་གསར་སྤེལ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཝུའུ་ཆིང་གིས་2022ལོའི་ཟླ་2ཚེས་23ཉིན་ཏེ། ས་མཐོའི་གནམ་གཤིས་སྐྱོ་ཤོས་ཀྱི་དུས་སུ། འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་ལས་རིགས་ཀྱི་རྐང་འཛིན་ཁེ་ལས་6གིས་ས་མཐོའི་ཐབ་ཆས་ཞིབ་འཇུག་གསར་སྤེལ་བྱ་ཆེད་བོད་དུ་བརྟག་ཞིབ་བྱེད་པར་ཡོང་བ་གསལ་པོར་དྲན་གྱི་ཡོད།

དེ་རྗེས། བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཐིང་གིས་བཟོ་འཕྲིན་པུའི་འཛད་རྫས་བཟོ་ལས་སི་དང་ཀྲུང་གོ་ལྕགས་རིགས་ཐོན་རྫས་མཐུན་ཚོགས་སུ་བཞུགས་མོལ་བྱེད་པར་བསྐྱོད་ནས་སྲིད་ཇུས་ཀྱི་གཏན་འབེབས་འབྲེལ་མཐུད་བྱས་ཏེ་ལག་རྩལ་གྱི་ཚད་གཞི་གྲོས་ཐག་བཅད་པ་དང་། བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཐིང་དང་། ཀྲུང་གོ་ལྕགས་རིགས་ཐོན་རྫས་མཐུན་ཚོགས། ཀྲུང་གོ་རྒྱུན་མཁོའི་ལྕགས་རིགས་ལག་རྩལ་གསར་སྤེལ་ལྟེ་གནས་བཅས་ཚན་པ་གསུམ་གྱིས་སྣེ་ཁྲིད་པའི་ལག་རྩལ་ཞིབ་སྤེལ་འགག་སྒྲོལ་གྱི་ལས་དོན་ཚོགས་ཆུང་མགྱོགས་མྱུར་བཙུགས་པ་རེད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

ས་མཐོའི་ནུས་མང་སྐོལ་ཆས་རིམ་གྲས་སྐུལ་སྤེལ་ལས་དོན་ལ་ཞུགས་མཁན་བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཐིང་གི་ལས་དོན་པར་ཞིབ་འཇུག་གསར་སྤེལ་གྱི་བརྒྱུད་རིམ་སྔར་བཞིན་གསལ་པོ་ཤོད་རྒྱུ་ཡོད་ཅིང་། ཁོང་གིས“ལག་རྩལ་གྱི་བགྲོ་གླེང་ཚོགས་འདུ་ཐེངས་12འཚོགས་ནས་ཐོན་རྫས་ཇུས་འགོད་ཀྱི་ཁ་ཕྱོགས་དང་ཐོན་རྫས་ཀྱི་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་པ་དང་དྲ་ཐོག་དང་དྲ་ཕྱིར་མ་དཔེ་འགྲེམས་སྟོན་བྱས་ཏེ་ལག་རྩལ་གྱི་ཇུས་གཞི་ལེགས་སུ་གཏོང་བར་གཞོལ་ཡོད། སྐོལ་ཆས་ཆུང་ཆུང་དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་འདུ་འགོད་གཙོ་ཆེ་ཤོས་ཤིག་དང་ས་མཐོའི་ཁྱིམ་ཚང་ཚང་མ་དང་འབྲེལ་བ་ཡོད་པའི་དམངས་འཚོའི་འདུ་འགོད་ཆེན་པོ་ཞིག་རེད”ཅེས་བཤད།

ཞིབ་འཇུག་གསར་སྤེལ་གྱི་ལག་རྩལ་ཆེ་མོ་བ་ཞུས་ཅན་གྱིས། བོད་རང་སྐྱོང་ལྗོངས་སུ་ས་བབ་ཀྱི་ཧེ་བག་ཆེ་བས། ས་བབ་མཐོ་པོར་དེ་བས་འཚམ་པའི་ཐབ་ཆས་གསར་སྤེལ་བྱ་ཆེད། ཞིབ་འཇུག་གསར་སྤེལ་མི་སྣས་སྔ་རྗེས་སུ་ལྷ་ས་དང་ནག་ཆུ་སོགས་ས་བབ་མི་འདྲ་བའི་ཁུལ་དུ་བརྟག་ཞིབ་དང་ལག་རྩལ་གྱི་ཚད་ལེན་ཚོད་ལྟ་ཐེངས་གཉིས་བྱས་པ་དང་འབྲེལ། བརྟག་ཞིབ་དང་ཚད་ལེན་ཚོད་ལྟའི་འབྲས་བུར་གཞིགས་ནས་ཐོན་རྫས་ལེགས་སུ་གཏོང་བའི་ཁ་ཕྱོགས་སྔར་བས་ཁ་གསལ་བཟོས་པ་དང་ཐོན་རྫས་ཀྱི་བྱེད་ནུས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད་ཅེས་བཤད།

2022ལོའི་ཟླ་7པར། 《ས་མཐོར་སྤྱོད་པར་འཚམ་པའི་ནུས་མང་སྐོལ་ཆས》ཀྱི་ཚོགས་པའི་ཚད་གཞི་དངོས་སུ་ཁྱབ་བསྒྲགས་བྱས་ནས་ས་མཐོར་སྤྱོད་པར་འཚམ་པའི་ནུས་མང་སྐོལ་སྣོད་ལས་རིགས་ཀྱི་ཚད་གཞིའི་སྟོང་ཆ་བསྐངས་ཡོད་པ་རེད།

2022ལོའི་ཟླ་7པར། ཀྲེ་ཅང་ཧྲང་ཁྲུའུ་ཁྱིམ་ཆས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས་སྔོན་ལ་བོད་དུ་མ་རྩ་བཏང་ནས་བཟོ་གྲྭ་བསྐྲུན་ཞིང་། ཟླ་བ་གཅིག་ལྷག་ཙམ་ནང་ལོ་རེར་ས་མཐོའི་ཆེད་སྤྱོད་དབུགས་རྡིག་ཁྲི་100ཐོན་སྐྱེད་བྱེད་པའི་རྣམ་གྲངས་ཀྱི་བཟོ་ཁང་བསྐྲུན་པ་དང་དེ་བཞིན་ཐོན་སྐྱེད་སྒྲུབ་རིམ་སྒྲིག་སྦྱོར་ལེགས་གྲུབ་བྱུང་ནས“གངས་ལྷ་མེ་ཏོག”རྟགས་ཅན་གྱི་ས་མཐོའི་སྐོལ་ཆས་ཐོན་སྐྱེད་བྱེད་འགོ་ཚུགས།

སྐོལ་ཆས་དེ་ཇུས་འགོད་ཞིབ་འཇུག་གསར་སྤེལ་གྱི་འགན་འཁུར་མཁན་ལག་རྩལ་ཆེ་མོ་བ་ཤང་ཙེ་དབྱི་ཡིས། ས་མཐོར་དངོས་འབྲེལ་འཚམ་པའི་དབུགས་རྡིག་ཇུས་འགོད་དང་ཞིབ་འཇུག་གསར་སྤེལ་བྱ་ཆེད། ཞིབ་འཇུག་གསར་སྤེལ་མི་སྣས་སྔ་རྗེས་སུ་ས་བབ་ཅུང་མཐོ་བའི་ནག་ཆུ་དང་གཞིས་རྩེ་སོགས་སུ་བསྐྱོད་དེ་ཁྲོམ་རར་བརྟག་ཞིབ་ཐེངས་མང་བྱས་ནས་ཞིང་འབྲོག་པའི་དགོས་མཁོ་ཤེས་རྟོགས་གང་ལེགས་བྱས་པ་ཡིན། དེ་ནས་མ་དཔེ་ཐོན་སྐྱེད་བྱས་རྗེས་རིན་མེད་ངང་ཞིང་འབྲོག་པ་དུད་ཚང་100ལྷག་ཙམ་ལ་ཚོད་ལྟ་བྱེད་པར་སྤྲད་པ་དང་ཁོ་ཚོའི་བསམ་འཆར་ལ་གཞིགས་ནས་དབུགས་རྡིག་གི་མི་འདང་བའི་ཆ་གསབ་པ་ཡིན་ཞེས་བཤད།

རྒྱུན་ཆད་མེད་པར་ལེགས་སུ་བཏང་རྗེས“ས་མཐོའི་དབུགས་རྡིག”བོད་རང་སྐྱོང་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ཁྱིམ་ཚང་ལ་སྤྲོད་འགོ་ཚུགས་པ་རེད།

དབུགས་རྡིག་སྤྲད་པའི་ཉིན་དེ་རང་ལ་སྒོ་ལུང་གྲོང་ཚོའི་གྲོང་མི་འཛིན་མཚོས་དབུགས་རྡིག་གསར་པ་སྤྱོད་སྟངས་ཤེས་པ་རེད། “ཤ་འཚོས་མགྱོགས་ལ་བྲོ་བ་ཞིམ་པ་དང་འཇུ་བདེ་པོ་འདུག མ་ཟད་ཤ་དང་། ཐུག་པ། འབྲས་སོགས་གང་བཙོས་རུང་སྟབས་བདེ་པོ་འདུག”ཅེས་འཛིན་མཚོས་བཤད།

ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་སྒང་པ་གྲོང་ཚོའི་མིག་དམར་གྱི་ཁྱིམ་དུ་དབུགས་རྡིག་གསུམ་ཡོད། གཅིག་ནི་ལོ་འགའི་གོང་ཀྲུང་དབྱང་སྐུ་ཚབ་ཚོགས་པས་སྤྲད་པ་དང་། གཅིག་ནི་སོ་སོས་ཉོས་པའི་གློག་རྡིག་ཡིན་པ། ད་དུང་གཅིག་ཤོས་ནི་ན་ནིང་ལོ་འགོར་ཉོས་པའི“གངས་ལྷ་མེ་ཏོག”རྟགས་ཅན་གྱི་དབུགས་རྡིག་རེད།

དང་ཐོག་མིག་དམར་ཁྱིམ་གྱིས“ས་མཐོའི་སྐོལ་ཆས”སྤྱོད་རྒྱུར་གོམས་ཀྱི་མེད། འོན་ཀྱང་མིག་དམར་ས་མཐོའི་སྐོལ་ཆས་ཐོན་སྐྱེད་ཁེ་ལས་ཀྱི་ལས་བཟོ་ཞིག་ཏུ་གྱུར་པ་དང་འབྲེལ་བཟོ་རྩལ་དང་བརྒྱུད་རིམ་ལ་རྒྱུས་མངའ་ཟབ་མོ་ལོན་རྗེས། ཁོ་མོས་འཕྲལ་དུ་ནང་མིར“ས་མཐོའི་སྐོལ་ཆས”སྤྱོད་སྟངས་བསླབས་པ་རེད།

གཉེན་གྲོགས་ཚོས“ས་མཐོའི་སྐོལ་ཆས”སྤྱོད་པ་མཐོང་སྐབས། ཁོ་མོས་སྤོབས་པ་ཆེན་པོས་ཁོང་ཚོར་དེ་ནི་རང་ཉིད་ཐོན་སྐྱེད་དངོས་ནང་ཞུགས་པའི་དབུགས་རྡིག་ཅིག་རེད་ཅེས་བརྗོད་ཀྱི་ཡོད།

“བོད་ཡོངས་ལ་ས་མཐོའི་སྐོལ་ཆས་དེ་འདྲ་སྤྱོད་རྒྱུ་བྱུང་བ་བསམ་བློ་འཁོར་སྐབས་དགའ་ཚོར་ཆེན་པོ་སྐྱེ་གི་འདུག”ཅེས་སྐད་ཆ་དེ་ཤོད་སྐབས་མིག་དམར་གྱི་ངོ་གདོང་ནས་སྤོབས་པའི་འཛུམ་མདངས་འཕྱུར།

བོད་དུ་རྒྱུན་སྡོད་མི་འབོར་ཁྲི་360ལྷག་ཙམ་ཡོད་པ་དང་ན་ནིང་ལོ་འཁོར་མོར་ས་མཐོའི་སྐོལ་ཆས་ཁྲི་67བཙོངས་ཡོད། ལག་རྩལ་པས་ཤང་དང་གྲོང་ཚོར་བེད་སྤྱོད་བྱེད་སྟངས་སློབ་པར་སྐྱོད་ཀྱི་ཡོད་པ་དང་སྨྱན་སྦྱོར་ཆེ་གྲས་ཁག་དང་བརྙན་ཐུང་ལས་སྟེགས་ཚང་མ་ནས་ཀྱང་དྲིལ་བསྒྲགས་བྱེད་ཀྱི་ཡོད། འོན་ཀྱང་མི་ལ་ལས་ད་དུང་ཡང་གོམས་ཀྱི་མི་འདུག་ཅེས་ཤོད་པ་དང་། ཡང་ལ་ལས་བཙོངས་རྗེས་དང་ཉམས་གསོ་བྱེད་ས་གང་དུ་འཚོལ་དགོས་མིན་ཤེས་ཀྱི་མི་འདུག་ཅེས་ཤོད་པ། ད་དུང་ལ་ལས་དེ་སྔོན་བེད་སྤྱོད་བཏང་བའི་དབུགས་རྡིག་ལ“ཚེར་ཚེར”ཞེས་སྒྲ་གྲགས་པ་དང་ད་ལྟ་གྲགས་ཀྱི་མེད་པས་བློ་བདེ་པོ་རང་མི་འདུག་ཅེས་ཤོད་ཀྱི་ཡོད།

བྱ་དངོས་གསར་པ་དང་ལེན་བྱེད་པར་དུས་ཚོད་དགོས་ཤིང་། ལོ་10ཡི་གོང་ལྷ་ས་གྲོང་ཁྱེར་དུ་གཞི་ཁྱོན་ཆེ་བའི་གཅིག་སྡུད་དྲོད་རླངས་མཁོ་འདོན་བྱེད་འགོ་ཚུགས་སྐབས་མི་མང་པོ་ཞིག་གིས་དྲོད་རླངས་སྤྱད་ན་ཉེན་ཁ་ཆེ་བར་སྙམ་ནས་སྤྱོད་ནུས་ཀྱི་མེད་པ་དང་། དུས་ཚོད་གང་འཚམ་སོང་རྗེས་ཚང་མའི་བསྔགས་བརྗོད་ཐོབ་པ་དང་འདྲ་བར་དབུགས་རྡིག་དེ་ལའང་ཚང་མས་དགའ་པོ་བྱེད་ངེས།

དེ་བས་ས་མཐོའི་སྐོལ་ཆས་ཀྱི་འབྱུང་འགྱུར་ལའང་དུས་ཚོད་ཀྱི་ཚོད་བགམ་བརྒྱུད་དགོས་པ་སྨོས་མེད་རེད།

(ཚེ་བརྟན་སྒྲོལ་དཀར་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)