དབྱར་དུས་འཆར་བ་དང་ཆབས་ཅིག་ལྷ་ས་འདི་ཉིད་ཡུལ་སྐོར་བ་ཚོའི་ཚ་གཡོལ་བྱེད་ས་གཙོ་བོ་ཞིག་ཏུ་གྱུར་ཡོད། འོན་ཀྱང་མི་མང་དུ་ཕྱིན་པ་དང་ལྷག་པར་དུ་གཟའ་མཇུག་ལ་གྲོང་མི་དང་ཡུལ་སྐོར་བ་ཚོ་གཅིག་རྗེས་གཉིས་མཐུད་ངང་ཕྱི་རོལ་དུ་མཉམ་འཛོམས་དང་ཉོ་སྒྲུབ་བྱེད་པར་བསྐྱོད་སྐབས་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད། དཀའ་གནད་དེ་སེལ་ཆེད། ལྷ་ས་གྲོང་ཁྱེར་གྱིས་སྤྱི་པའི་ཐོན་ཁུངས་སྒོ་དབྱེ་དང་མཉམ་སྤྱོད་བྱེད་པའི་ཐད་འཚོལ་ཞིབ་ཧུར་ཐག་བྱས་ཡོད། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ལས་ཁུངས་དང་བྱ་གཞག་ཚན་པས་གཟའ་མཇུག་ལ་གྲོང་མིར་རླངས་འཁོར་འཇོག་ས་དང་གསང་སྤྱོད་རིན་མེད་ངང་སྒོ་དབྱེ་བའི་ཞབས་ཞུ་མཁོ་འདོན་བྱེད་རྒྱུའི་གྲོས་འགོ་བཏོན་པར་ཚན་པ་མང་པོ་ཞིག་གིས་དང་ལེན་བྱས་ཡོད།
“གཟའ་མཇུག་ཏུ་ཕྱིར་སྐྱོད་སྐབས་དང་ལྷག་པར་དུ་གྲོང་ཁྱེར་གྱི་ལྟེ་བར་སྐྱོད་སྐབས་རླངས་འཁོར་འཇོག་ས་ག་ཚོད་བཙལ་ཡང་རྙེད་ཁག་པོ་འདུག ལོག་འགྲོ་རྩིས་བྱེད་སྐབས་གློ་བུར་དུ་ལས་ཁུངས་ཤིག་གི་སྒོ་འགྲམ་དུ་བྱང་བུ་ཞིག་བཀལ་ཡོད་པ་དང་དེའི་སྟེང‘ལས་ཁུངས་ཀྱི་གསང་སྤྱོད་ཕྱི་ཕྱོགས་སུ་སྒོ་དབྱེ་བ་དང་གཟའ་མཇུག་ཏུ་རླངས་འཁོར་འཇོག་ས་རིན་མེད་ངང་སྒོ་དབྱེ་ཡོད’ཅེས་བྲིས་ཡོད་པ་མཐོང་བྱུང་། ཐོག་མར་ང་རང་ཡིད་ཆེས་མ་བྱུང་། འོན་ཀྱང་བསམ་ཡུལ་ལས་འདས་པར་རླངས་འཁོར་འཇོག་ཆོག་པ་མ་ཟད་རིན་པའང་སྤྲོད་དགོས་ཀྱི་མི་འདུག བྱ་སྤྱོད་དེ་རིགས་ཀྱིས་གྲོང་མིར་སྟབས་བདེ་བསྐྲུན་པ་ཙམ་མ་ཟད་ཚན་པའི་མི་གཤིས་ཅན་གྱི་དོ་དམ་བྱེད་སྟངས་ཀྱང་མཚོན་པས་དངོས་གནས་མི་སེམས་དྲོ་བ་ཞིག་འདུག”ཅེས་གྲོང་མི་ཁྲེན་ཤིན་གྱིས་བཤད།
གསར་འགོད་པ་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་རིན་མེད་ངང་སྒོ་དབྱེ་བའི་རླངས་འཁོར་འཇོག་སར་སླེབས་སྐབས་ལས་རེས་མི་སྣས་རླངས་འཁོར་འཇོག་སའི་སྒྲིག་བཀོད་སྤྱོད་ཚད་མཐོ་རུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་སུ་གཟའ་མཇུག་དང་དུས་ཆེན་གྱི་སྔ་དྲོའི་ཆུ་ཚོད་9པ་ནས་དགོང་མོའི་ཆུ་ཚོད་10པའི་བར་རླངས་འཁོར་འཇོག་ས་ཕྱི་ཕྱོགས་ལ་སྒོ་དབྱེ་ཡོད། “ང་ཚོའི་ཆེད་སྤྱོད་མིན་པའི་རླངས་འཁོར་འཇོག་ས་ཚང་མར་རླངས་འཁོར་བཞག་ཆོག རླངས་འཁོར་40ཙམ་ཤོང་ཐུབ་པས་གྲོང་མི་དང་ཡུལ་སྐོར་བས་ཐད་ཀར་བཞག་ཆོག”ཅེས་ངོ་སྤྲོད་བྱས།
2023ལོ་ནས་བཟུང་ལྷ་སའི་མཐོ་གསར་ཁུལ་དོ་དམ་ཨུ་ལྷན་གྱིས་གཟའ་ཟླ་བ་ནས་གཟའ་ཉི་མའི་བར་ཉིན་གང་རིན་མེད་ངང་རླངས་འཁོར་འཇོག་པའི་སྲིད་ཇུས་ལག་བསྟར་བྱེད་འགོ་བཙུགས་ཡོད། གྲོང་མི་ཏུའུ་ཧེང་ནི་སྲིད་ཇུས་དེ་ལས་ཐད་ཀར་ཕན་པ་ཐོབ་མཁན་ཞིག་རེད། མཐོ་གསར་ཁུལ་དུ་ལས་ཀ་བྱེད་མཁན་ཁོང་ལ་དེ་སྔོན་རླངས་འཁོར་འཇོག་དཀའ་བའི་གནད་དོན་འཕྲད་ཡོད། “ལས་ཀ་ཚུགས་པའི་ཞོགས་པར་རླངས་འཁོར་བཏང་ནས་སྐྱོད་སྐབས་རླངས་འཁོར་འཇོག་ས་མ་རག་པའི་སེམས་ཁྲལ་ཆེན་པོ་འདུག ད་ལྟ་རླངས་འཁོར་དོ་དམ་ཨུ་ལྷན་གྱི་རླངས་འཁོར་འཇོག་སར་བཞག་ཆོག་པས་རྐང་ཐང་དུ་སྐར་མ་ཁ་ཤས་སོང་ན་ཀུང་སིར་སླེབས་ཀྱི་འདུག”ཅེས་ཏུའུ་ཧེང་གིས་བཤད།
ལྷ་སའི་མཐོ་གསར་ཁུལ་ལྟེ་བའི་ཁུལ་གྱི་དོ་དམ་ལྟེ་གནས(སྐྱོང་གསོའི་ཡོ་ཆས)སྡེ་ལས་རྣམ་གྲངས་ཀྱི་ཅིང་ལི་ཝུའེ་ཐའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་སའི་མཐོ་གསར་ཁུལ་དོ་དམ་ཨུ་ལྷན་གྱིས་མིག་སྔར་རིན་མེད་རླངས་འཁོར་འཇོག་ས་721དང་རིན་མེད་གསང་སྤྱོད་10མཁོ་འདོན་བྱས་ཡོད་པ་དང་། སྒྲིག་བཀོད་དེ་དག་གཟའ་འཁོར་རེའི་ཉིན་བདུན་གྲོང་མིར་མཁོ་འདོན་བྱས་ཡོད། རིན་མེད་ངང་རླངས་འཁོར་འཇོག་པའི་སྲིད་ཇུས་ལག་བསྟར་བྱས་ནས་ལོ་གཅིག་ལྷག་ཙམ་སོང་རིང་གྲོང་མིའི་ཁས་ལེན་རྒྱ་ཁྱབ་ཐོབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་ཚན་པ་མང་པོ་ཞིག་གིས་གཟའ་མཇུག་ཏུ་གྲོང་མི་དང་ཡུལ་སྐོར་བར་རིན་མེད་ངང་རླངས་འཁོར་འཇོག་ས་སྒོ་དབྱེ་ཡོད་པ་སྟེ། ལྷ་ས་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་སྒྱུར་ཅུས་དང་། ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས། ལྷ་ས་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས། ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས། ལྷ་ས་གྲོང་ཁྱེར་ཁོར་ཡུག་འཕྲོད་བསྟེན་དོ་དམ་ཅུས། ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)དོ་དམ་ཨུ་ལྷན། ལྷ་ས་གྲོང་ཁྱེར་བུད་མེད་དང་བྱིས་པའི་བྱེད་སྒོ་ལྟེ་གནས། ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་བཅས་དང་དེ་བཞིན་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཚན་པ་6བཅས་ཡོད། རླངས་འཁོར་འཇོག་ས་མཁོ་འདོན་བྱེད་པ་ཕུད། ཚན་པ་དེ་དག་གིས་ད་དུང་སྤྱི་པའི་གསང་སྤྱོད་ཀྱང་ཕྱི་ཕྱོགས་སུ་སྒོ་དབྱེ་ཡོད།
(བསྟན་བཟང་གིས་བསྒྱུར། དམ་ཆོས་ཀྱིས་ཞུས)