འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་རྒྱལ་མཚམས་འཛུལ་སྒྲོལ་དོ་དམ་ཉིང་ལག་རུ་ཁག་ནས་ཤེས་རྟོགས་བྱུང་བར། 2024ལོའི་ཟླ་1ནས་ཟླ་4པའི་བར་ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་མཚམས་ནང་འཛུལ་བའི་ཡུལ་སྐོར་བ་མི་ཐེངས་ཁྲི་2.51ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་ལྡབ་5.2འཕར་ཡོད།
བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོའི་ཟླ་1ནས་ཟླ་4པའི་བར་ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་མཚམས་ནང་འཛུལ་བའི་ཡུལ་སྐོར་བ་མི་ཐེངས་4044ལ་སྣེ་ལེན་ཞུས་ཤིང་། ལོ་གོང་མ་དང་བསྡུར་ན་ད་ལོ་རྒྱལ་མཚམས་ནང་འཛུལ་བའི་ཡུལ་སྐོར་བའི་མི་ཐེངས་ཇེ་མང་དུ་ཕྱིན་པ་དེ་ལས་རང་རྒྱལ་གྱིས་ཀྲུང་གོར་ཡོང་བའི་རྒྱལ་སྒྲོལ་ཐོངས་མཆན་འགོད་སྟངས་གྱི་ལེགས་གཏོང་བྱ་ཐབས་མང་པོ་བཏོན་པའི་ཤུགས་རྐྱེན་བཟང་པོ་མཚོན་པ་ཕུད། ཉིང་ཁྲི་གྲོང་ཁྱེར་གྱིས་འཛམ་གླིང་རིམ་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་འཛུཌ་སྐྲུན་བྱེད་པར་ཤུཌ་སྣོན་བརྒྱབ་པའི་ལས་ཀའི་གྲུབ་འབྲས་ཀྱང་མངོན་ཡོད། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་བ་མང་དུ་ཕྱིན་པས་ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་གོ་སྐབས་གསར་པ་སྤྲད་པ་དང་ཆབས་ཅིག ཞབས་ཞུ་དང་སྣེ་ལེན་བྱེད་ནུས་ལ་ཚོད་བགམ་ཡང་འཕྲད་ཡོད། ཡུལ་སྐོར་བའི་ཉམས་ལེན་དང་བློ་ཡིད་ཚིམ་ཚད་མཐོ་རུ་ཏན་ཏིག་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་རྒྱལ་མཚམས་འཛུལ་སྒྲོལ་དོ་དམ་ཉིང་ལག་རུ་ཁག་གིས་ཉེན་རྟོག་པའི་སྟོབས་ཤུགས་ཆེ་རུ་བཏང་བ་དང་དུས་འགྱངས་ཞབས་ཞུ་སོགས་ཀྱི་བྱ་ཐབས་ཧུར་ཐག་སྤྱད་ཡོད། ལྷག་པར་དུ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཉིང་ཁྲི་གྲོང་ཁྱེར་དུ་སྡོད་ཡུན་ཐུང་བ་དང་ངེས་གཏན་མེད་པའི་ཁྱད་ཆོས་ལ་དམིགས་ཏེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་རྒྱལ་བའི་ཡུལ་སྐོར་ལག་ཁྱེར》ས་གནས་དེ་གར་བདག་སྤྲོད་དང་ཉིན་དེ་རང་ལ་བཟོ་བ་རྒྱུན་འཁྱོངས་བྱས་པ་མ་ཟད། ད་དུང་གཟའ་མཇུག་དང་ངལ་གསོའི་དུས་ཚོད་ལ་ཁ་ཆད་ལྟར་ལག་ཁྱེར་བཟོ་བ་སོགས་མི་ཆོས་དང་མཐུན་པའི་ཞབས་ཞུའི་བྱ་ཐབས་ལག་ལེན་བསྟར་ཏེ་ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་བས་གཟའ་མཇུག་སྐབས་ལག་ཁྱེར་བཟོ་བའི་དཀའ་གནད་ནུས་ལྡན་བསལ་ཡོད།
“གོམ་སྟབས་རྗེས་མར། ང་ཚོས་རང་འགུལ་ངང་རྒྱལ་མཚམས་འཛུལ་སྒྲོལ་གྱི་དོ་དམ་ལས་དོན་དེ་ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྒྱུར་བཅོས་སྒོ་དབྱེ་སྔོན་ལ་ལག་བསྟར་བྱེད་པའི་ལས་དོན་གྱི་སྤྱི་ཡོངས་དང་མཉམ་འདྲེས་ཡོང་བར་བྱས་ཏེ། ཐོག་མཐའ་བར་གསུམ་དུ‘འཛུལ་སྒྲོལ་བྱེད་པར་རྒྱལ་མཚམས་ཡོད་ན་ཡང་། ཞབས་འདེགས་ཞུ་བར་རྒྱལ་མཚམས་དབྱེ་བ་མེད’ཅེས་པའི་འདུ་ཤེས་བརྟན་པོར་འཛིན་ནས་ལས་དོན་རྒྱུན་ཆད་མེད་པར་མྱུར་ཚད་མགྱོགས་གཏོང་དང་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་གཏོང་གི་ཡིན”ཞེས་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་རྒྱལ་མཚམས་འཛུལ་སྒྲོལ་དོ་དམ་ཉིང་ལག་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཀྲང་ཅིང་ཝུན་གྱིས་བརྗོད།
(ཟླ་ཕུར་གྱིས་བསྒྱུར། སྐལ་མཆོག་གིས་ཞུས)